ཉིས་སྟོང་ཉེར་གཅིག་ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་གཟབ་རྒྱས་ངང་བསྡུ་འགོ་བརྩམས།
2021.05.20 ཁུངས། ཀློག་གྲངས། 19

ཟླ་ལྔ་པའི་ཚེས་བཅུ་དགུ་ཉིན། ཉིས་སྟོང་ཉེར་གཅིག་ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུའི་སྟེང་གཟབ་རྒྱས་ངང་བསྡུ་འགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་། ཨན་ཧོས་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཚུའེ་ཧྥིན། ཀན་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧི་ཝེ། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གཱོ་ཧུའུ། རིག་གནས་དང་ཡུལ་སྐོར་པུའུ་རྒྱལ་སྤྱིའི་བརྗེ་རེས་ཅུའུ་ཡི་ཅུའུ་ཀྲང་ཞེ་ཅིན་དབྱིན་སོགས་གྲོས་ཚོགས་སུ་ཞུགས།

ཞིན་ཀྲང་ཞིང་གིས་མཛད་སྒོའི་སྟེང་དུ་ཤིས་ཚིག་ཕུལ། ཁོས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་མཛད་སྒོའི་སྟེང་ཕེབས་པའི་སྐུ་མགྲོན་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་མ་ཟད། དུས་ཡུན་རིང་པོར་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ཐད་རྒྱབ་སྐྱོར་བླ་མེད་གནང་པའི་ཕྱོགས་སོ་སོའི་སྐུ་མགྲོན་ཡོངས་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུངས་བཤད་གལ་ཆེན་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པའི་མཛབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས་རང་ཞིང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་དམིགས་ཡུལ། ངེས་གནས་བཅས་གསལ་ཐག་ཆོད་པ་བྱས་ཡོད་ལ། དེས་ང་ཚོར་སྤྲོ་བ་བསྐྱེད་པ་དང་སྐུལ་ལྕག་ཐེབས་ཤིང་། འགན་འཁུར་ཤིན་ཏུ་ལྕི་བ་ཚོར་དུ་བཅུག་ཡོད། མཛེས་པའི་མཚོ་སྔོན་ནི་གཙང་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་གཏེར་ཡིན་པའི་ཆ་ནས། ཆེས་ཆེ་བའི་རིན་ཐང་དང་ཆེས་མཛེས་པའི་ཡུལ་ལྗོངས་ལྡན་པ་མ་ཟད། ལོ་རྒྱུས་རིང་ཞིང་། དེ་ལྟའི་བར་དུ་རྒྱུན་འཛིན་བྱས་པ་དང་ད་ལྟ་ཡང་ད་དུང་མཚར་སྡུག་གི་འོད་སྟོང་འབར་བའི་རིག་གནས་ཡོད། མཛེས་སྡུག་གི་མཚོ་སྔོན་གྱི་མཛེས་པ་དེ་རི་རྒྱུད་ཀྱི་སྟེང་ཡོད་ལ། གཙང་བོའི་སྟེང་དུ་ཡོད་པ་མ་ཟད། མིའི་འཆམ་མཐུན་སྟེང་ནའང་ཡོད། མཛེས་སྡུག་གི་མཚོ་སྔོན་གྱི་མཛེས་པ་དེ་ནམ་མཁའི་སྤྲིན་དཀར་གྱི་དག་གཙང་དང་། གངས་རི་དང་རྩྭ་ཐང་གི་རྒྱ་ཁྱོན་སྟེང་ན་ཡོད་ལ། དྭངས་གཙང་མཚོ་དང་མཚེའུའི་བཞུར་རྒྱུན་སྟེང་ན་ཡོད། མཛེས་སྡུག་གི་མཚོ་སྔོན་གྱི་མཛེས་པ་དེ་བྱེ་ཐང་གི་མཛེས་ཉམས་སྟེང་ན་ཡོད་ལ། མཚར་སྡུག་གི་མཚམས་སྤྲིན་སྟེང་ན་ཡོད་པ་མ་ཟད། གཙང་ཆབ་ཀྱི་འཁྱགས་རོམ་ཁྲོད་ན་ཡོད། མཚོ་སྔོན་གྱི་མཛེས་སྡུག་དེ་ལོ་རྒྱུས་རིག་གནས་དང་མི་རིགས་རིག་གནས། གསར་བརྗེའི་རིག་གནས། སྐྱེ་ཁམས་རིག་གནས་བཅས་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱས་པའི་ཁྲོད་ན་ཡོད། གནས་འདི་ནི་དར་གོས་ཚོང་ལམ་གྱི་ལྷོ་ལམ་དང་། ཇ་རྟའི་གནའ་ལམ། ཐང་བོད་གནའ་ལམ་བཅས་ཀྱི་འདྲེས་མདོ་ཡིན། མཛེས་སྡུག་གི་མཚོ་སྔོན་གྱི་མཛེས་པ་དེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་། ལྕགས་རི་རིང་བོའི་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་བཅས་ཀྱི་མཛེས་སྡུག་གི་སྟེང་དུ་ཡོད། རྒྱུ་མཚན་འདི་དག་ལ་བརྟེན་ནས་མི་རྣམས་ཀྱིས་ཡང་དང་བསྐྱར་དུ་གནས་འདིའི་མཛེས་པ་འཚོལ་སྙེག་དང་གསར་མཐོང་བྱེད་པར་རེ་ཞིང་། གནས་འདི་ནི་ཀུན་གྱི་རེ་སྨོན་གྱི་ཞིང་ཁམས་སུ་གྱུར་ཡོད། ང་ཚོས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པའི་འགུལ་སྐྱོད་ཇུས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སའི་གོ་ལའི་གླིང་སྣེ་གསུམ་པའི་སྟེང་གི་མཚོ་སྔོན་་འདི་ཉིད་སྔར་ལས་བཀྲག་མདངས་འཚེར་ཞིང་མི་སེམས་འགུག་ལ། གསོན་ཉམས་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་ཐུབ་པར་ཡིད་ཆེས་ཟབ་མོ་ཡོད་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་དུས་ཆེན་འདི་ལོ་ངོ་བཅུ་བདུན་ལྷག་ལ་སྤེལ་པས། མཚོ་སྔོན་སྐྱེ་ཁམས་རིག་གནས་འཕེལ་རྒྱས་དྲིལ་སྒྲོག་བྱེད་པའི་གསེར་མདོག་གི་མིང་བྱང་ཞིག་ཏུ་གྱུར་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་བརྟན་པོར་ཉར་ནས། རིག་གནས་ཡུལ་སྐོར་དུས་ཆེན་གྱི་གོ་སྐབས་དམ་འཛིན་གྱིས་སྐྱེ་ཁམས་དང་ལྗང་མདོག མི་ཆོས་དང་ཉམས་ཞིབ་བཅས་ཀྱི་བརྗོད་དོན་འབུར་ཐོན་ཡོང་བར་བྱེད་པ་དང་། སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བར་གྱི་འབྲེལ་བ་ཡང་དག་པར་ཐག་གཅོད་བྱེད་པ། རིག་གནས་ཀྱི་ནུས་པ་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤུས་ཚད་མཐོན་པོས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་དང་། རི་སྔོ་ཆུ་དྭངས་དེ་བསྐལ་བའི་བར་དུ་མཚོ་སྔོན་གྱི་དགེ་མཚན་དང་ང་རྒྱལ་དུ་འགྱུར་བར་སྐུལ་འདེད་བཏང་ནས། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་ཟེར།

རིག་གནས་དང་ཡུལ་སྐོར་པུའུ་ནོར་སྲིད་ཟི་ཡི་རིམ་པ་དང་པོའི་སྐོར་ཞིབ་པ་ཀྲིག་ཡུས་ཀྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོན་པོའི་དོ་ཁུར་དང་ཡང་དག་པའི་འགོ་ཁྲིད་འོག་ཏུ། མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཙུགས་ནས། ལྗང་མདོག་སྐྱེ་ཁམས་ཀྱི་བར་སྟོང་སྔོག་འདོན་དང་། ལྗང་མདོག་སྐྱེ་ཁམས་ཀྱི་རིན་ཐང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱེ་ཁམས་ཀྱི་འགན་ཁུར་ཕྲག་ཏུ་བླངས་ཤིང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བྱས་པས། མཚོ་སྔོན་ཞིང་ཆེན་དེ་རྒྱལ་ཡོངས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པའི་ཁྲོད་གོ་གནས་མཐོ་ཤོས་སུ་གནས་ཡོད་ལ། མཛེས་པའི་མཚོ་སྔོན་དེ་ལྗང་མདོག་གི་མིང་བྱང་དུ་གྱུར་ནས། སྙན་པའི་གྲགས་པ་རྒྱལ་ཁབ་ཕྱི་ནང་ཀུན་ལ་ཁྱབ་ཡོད། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ལྷག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། མཚོ་སྔོན་གྱི་རིག་གནས་འཛུགས་སྐྲུན་དང་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་ཇེ་དྲག་ཏུ་གཏང་རྒྱུ་ཡིན་ཟེར།

ཀྲུང་གོ་རུ་སྡོད་པའི་ཞི་ལའི་གཞུང་ཚབ་ཁང་གི་འགོ་གཙོ་གཞོན་པ་ཐ་ཞི་ཨོ་ཕུའུ་ལོ་སི་ཡིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། སྐྱེ་ཁམས་ཡུལ་སྐོར་ནི་རང་བྱུང་ཁམས་གཙུག་ཏུ་བཀུར་བ་དང་ཁྱད་ཆོས་ཅན་གྱི་སྐྱེ་ཁམས་ཁོར་ཡུག་དེ་ཡུལ་ལྗོངས་སུ་བྱས་པའི་ཡུལ་སྐོར་གྱི་རྣམ་པ་ཞིག་རེད། དེས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། མིའི་རིགས་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་སུ་འགྲོ་བར་སྲུང་སྐྱོབ་བྱེད་པ་ཡིན་ལ། རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་དང་མི་དམངས་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱེད་པའི་འགན་ཁུར་གཉིས་ལྡན་གྱི་ཡུལ་སྐོར་བྱ་འགུལ་ཞིག་རེད། དེས་ང་ཚོར་འཇིག་རྟེན་གྱི་ལྟ་བ་དང་བསམ་བློའི་འཁྱེར་སོ་མི་གཅིག་པ་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་མདུན་ལྗོངས་ལ་བསྐྱར་དུ་ཞིབ་བཤེར་བྱེད་དུ་བཅུག་བྱུང་། ཉིས་སྟོང་ཉེར་གཅིག་ལོར་ཞི་ལ་དང་ཀྲུང་གོའི་རིག་གནས་ཡུལ་སྐོར་ལོའི་མཛད་སྒོ་དུས་མཉམ་དུ་འཁེལ་ཡོད། རྒྱལ་ཁབ་གཉིས་ཀྱིས་སྒྲིག་གཞི་འདི་ལྟ་བུའི་འོག་ཏུ་ཕྱོགས་གཉིས་ཀྱི་ཉོ་ཚོང་བརྗེ་རེས་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱི་རིག་གནས་ཡུལ་སྐོར་ཁྱབ་ཁོངས་སུ་མཉམ་ལས་གཞི་རྒྱ་ཆེ་རུ་བསྐྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲུན་རོས་ཧྥུན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧེ་དབྱིན། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་སོགས་མཛད་སྒོར་ཞུགས།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།