ཟླ་ལྔ་པའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དང་མདོ་ལ་རྫོང་གཉིས་སུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བ་དང་ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཁབ་ཀྱི་བྱ་བ་གལ་ཆེན་ཡིད་ལ་འཛིན་པ། དངོས་གཉེར་གྱི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ནས། མདོ་ལ་རི་བོའི་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་འཛུགས་དགོས་ཟེར།
མིན་ཡོན་རྫོང་ཧོང་ཁྲིན་ཡུལ་ཚོ་རུ་ཡོད་པའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་མུ་ཟི་ལུང་བའི་དོ་སྲུང་ས་ཚིགས་སུ། ཞིན་ཁྲང་ཞིང་གིས་བཅའ་སྡོད་ས་ཚིགས་ཀྱི་དོ་སྲུང་མི་སྣར་འཚམས་འདྲི་བྱས་པ་དང་། དོ་སྲུང་བའི་སྐོར་ཞིབ་ལྟ་ཞིབ་དང་ཉིན་རྒྱུན་གྱི་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་རྗེས་བཤད་རྒྱུར། མདོ་ལ་རི་བོ་ནི་རྨ་ནུབ་བར་ཁྱམས་ཀྱི་ཆུའི་འགོ་ཁུངས་ས་ཆ་གཙོ་བོ་དང་། རྨ་ཆུའི་བཞུར་རྒྱུད་སྟོད་རྒྱུད་ཀྱི་ཆུའི་ལྟག་ཆུ་བསྐྱིལ་གསོག་ས་ཆ་གཙོ་བོ། རང་རྒྱལ་གྱི་སྐྱེ་ཁམས་སྣ་མང་རང་བཞིན་སྲུང་སྐྱོབ་སྔོན་སྐྱོད་ཁུལ་ཁོངས་ཡིན་པས། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་ཆུ་ཁུངས་བསྐྱིལ་གསོག་བཟང་བོ་བྱེད་པ། ས་དེའི་ནགས་ཚལ་དང་རྩྭ་ཐང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་དོ་དམ་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་ལག་བསྟར་པ་དང་དྲིལ་སྒྲོག་པ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་གཏེར་གྱི་སྲུང་སྐྱོབ་མི་སྣ་བྱེད་དགོས་ཟེར།
མདོ་ལ་རྫོང་ཨ་རིག་ཡུལ་ཚོའི་བེད་མེད་དུ་བསྐྱུར་བའི་རྡོ་བལ་གཏེར་ཁུངས་ཀྱི་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་ནི་མདོ་ལ་རྫོང་གི་རི་ཆུ་ནགས་གསུམ་ཞིང་དང་མཚེའུ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཚོད་ལྟ་ལས་གཞི་གྲས་ཀྱི་གཅིག་ཡིན། ཞིན་ཁྲང་ཞིང་གིས་སྙིགས་རོའི་ཐོག་ས་འགེབས་པ་དང་སྔོ་ཁེབས་སླར་གསོ་སོགས་གནས་ཚུལ་ལ་ལྟ་ཞིབ་གསལ་བོ་བྱས་རྗེས་ནན་གྱིས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མ་ལག་བསམ་བློ་དང་ཚན་རིག་དང་མཐུན་པའི་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་ཀྱི་བདེན་དངོས་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་འཛིན་བྱེད་རྒྱུ་དེ་བྱ་བ་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་སླར་གསོའི་བྱ་བ་ཁྱོན་ཡོངས་ནས་སྤེལ་བ། འཕར་ཚད་ལ་ཚོད་འཛིན་ནན་མོ་བྱེད་པ་དང་གསོག་ཚད་ཇེ་ཉུང་དུ་གཏོང་བ། བཅོས་སྐྱོང་བྱེད་ཞོར་དུ་སྲ་བརྟན་དུ་གཏོང་བ། བཅོས་སྐྱོང་བྱས་ཟིན་པར་ལྟ་ཞིབ་ནན་མོ་བྱེད་པ། བཅོས་སྐྱོང་བྱས་ཚད་མི་འདང་བར་མུ་མཐུད་དུ་མཐོར་འདེགས་བཏང་སྟེ། ཆུ་ཁུངས་བསྐྱིལ་གསོག་དང་ས་ཆུ་སྲུང་འཛིན་གྱི་ནུས་པ་མཐོར་འདེགས་གཏོང་དགོས་ཟེར།
མདོ་ལ་རྫོང་ནུབ་ལམ་དམར་དམག་དང་བཅིངས་འགྲོལ་དམག་གི་འབུམ་དམག་གཉིས་པའི་རྗེས་དྲན་ཁང་དུ་ནུབ་ལམ་དམག་ཡན་ལག་རུ་དཔུང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནུབ་བྱང་ཐང་འཐབ་དམག་དཔུང་ཚོགས་དང་པོའི་དམག་དཔུང་གཉིས་པ་གཉིས་ཀྱི་མདོ་ལ་རི་བོ་རུ་བཞག་པའི་མཛད་རྗེས་ཆེན་མོ་དང་ཉམས་མེད་ཀྱི་སྙིང་སྟོབས་བྲིས་ཡོད། ཞིན་ཁྲང་ཞིང་གིས་གསར་བརྗེ་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག་ཅེས་བྲིས་ཡོད་པའི་རྗེས་དྲན་རྡོ་རིང་མདུན་ནས་གསར་བརྗེ་སྔོན་གཤེགས་དཔའ་བོར་དད་གུས་ཞུས་པ་དང་། ཚང་མ་དང་མཉམ་དུ་མེ་ཏོག་གི་ཕྲེང་བ་ཕུལ་རྗེས་ནུབ་ལམ་དམར་དམག་དང་བཅིངས་འགྲོལ་དམག་འབུམ་དམག་གཉིས་པའི་རྗེས་དྲན་ཁང་དུ་ལྟ་སྐོར་བྱས། ཁོས་བཤད་རྒྱུར། ནུབ་ལམ་དམག་གིས་དཀའ་ཁག་ལ་མ་འཛེམས་པར་འཐབ་འཛིང་བྱས་ནས། ཏང་དང་མི་དམངས་ཀྱི་ཁེ་ཕན་གྱི་ཆེད་དུ་ཡོད་ཚད་བློས་བཏང་བ་དང་། སྙིང་སྟོབས་དེ་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་གཉིས་ནི་གཅིག་རྒྱུན་གཅིག་འཛིན་བྱས་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་གསར་བརྗེའི་རྒྱུད་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་གྱི་གྲུབ་ཆ་གཙོ་བོ་ཡིན་པས། གསར་བརྗེའི་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། སྙིང་སྟོབས་དེ་ང་ཚོས་དེང་སྐབས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པར་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཆེན་པོ་རུ་འགྱུར་བར་བྱེད་དགོས་ཟེར།
བཙུན་མོ་དམར་ཡག་མའི་མཛེས་ལྗོངས་ཁུལ་དུ། ཞིན་ཁྲང་ཞིང་གིས་བཤད་རྒྱུར། དགེ་མཚན་འདོན་སྤེལ་བྱེད་པ་དང་། ཀ་ལྔའི་རིམ་པའི་མཛེས་ལྗོངས་ཁུལ་གྱི་ཚོང་རྟགས་མིང་གྲགས་ཅན་ལ་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་རིག་གནས་གནས་སྐོར་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་སོ་སོར་ཁྱབ་པར་བྱེད་པ་དང་། མཛེས་ལྗོངས་ཁུལ་གྱི་ཞབས་ཞུ་དང་དོ་དམ་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། ཁུལ་ཁོངས་ཡོངས་ཀྱི་གནས་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་དགོས་ཟེར།
རྟོག་ཞིབ་བྱེད་པར་འགྲོ་བའི་ལམ་བར་དུ། ཞིན་ཁྲང་ཞིང་ཐེངས་མང་པོར་རླབས་འཁོར་ནས་བབས་ཏེ། ཞིང་ཁ་དང་ཆུ་འགྲམ་གྱི་སྡོང་རར་སོང་ནས། ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་དོ་སྲུང་བཅོས་སྐྱོང་། ལོ་ཏོག་སྐྱེས་པའི་གནས་ཚུལ་སོགས་ལ་སྐབས་བསྟུན་ཞིབ་བཤེར་བྱས། ཁོས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་བཟང་བོ་ནི་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་དང་འགན་སྲུང་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། ས་བབ་དང་བསྟུན་ནས་ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་དང་གད་སྙིགས་ཐག་གཅོད། བཙོག་ཆུ་ཐག་གཅོད་སོགས་ཀྱི་བྱ་བ་སྤེལ་བ། ཞིང་སྡེའི་མི་སྡོད་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་མཐོར་འདེགས་བཏང་སྟེ། ལྗང་མདོག་ཐོན་སྐྱེད་འཚོ་བའི་རྣམ་པ་གྲུབ་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་མྱུར་དུ་གཏོང་དགོས་ཟེར།
དབྱང་ཀྲི་ཝུན་གྱིས་མཉམ་དུ་རྟོག་ཞིབ་བྱས།
རིན་ཆེན་མཚོས་བསྒྱུར།