ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་དང་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དུ་སོང་ནས། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་ལས་གཞི་གཙོ་བོའི་འཆར་འགོད་དང་འགག་སྒོ་ཆུང་བའི་བར་སྟོང་ཕྱོགས་བསྡུས་བསྒྱུར་བཀོད་བཀོལ་སྤྱོད་བཟོ་སྐྲུན་ལ་རྟོག་ཞིབ་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། འཐབ་ཇུས་ཀྱི་བསམ་བློ་དང་མ་ལག་བསམ་བློ། རྩོད་སྒྲུབ་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། འགོ་ཚུགས་ས་མཐོན་པོ་དང་ལངས་གནས་མཐོན་པོ། ཚད་གཞི་མཐོན་པོས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་དེང་རབས་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱའི་མ་ལག་ལ་འཆར་འགོད་བྱེད་པ་དང་། རྣམ་པ་གསར་བ་འཛུགས་སྐྲུན་བྱེད་པའི་གོ་སྐབས་བཟང་བོ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་སྔོན་སྐྱོད་པ་བྱེད་དགོས་ཟེར།
རྟོག་ཞིབ་ཡུལ་དངོས་སུ། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་འཆར་འགོད་དང་དམིགས་འབེན། འགྲིམ་འགྲུལ་འཛུགས་སྐྲུན་ལས་གཞི་གཙོ་བོའི་བཀོད་སྒྲིག འགག་སྒོ་ཆུང་བའི་ཐིག་རྣམ་བཟོ་སྐྲུན་གྱི་གནས་བབ་དང་བསྒྱུར་བཀོད་བཟོ་སྐྲུན་སོགས་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་འགྲིམ་འགྲུལ་འཆར་འགོད་སྒྲིག་བཟོ་བྱས་པའི་གནས་ཚུལ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར། འཕེལ་རྒྱས་ཀྱི་བསམ་ཕྱོགས། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ལ། གྲོག་རོང་ཆུང་བའི་བར་སྟོང་ཕྱོགས་བསྡུས་བསྒྱུར་བཀོད་བེད་སྤྱོད་ཇུས་གཞིའི་བསྡུར་གསེས་དང་ལམ་ཐིག་ཇུས་འགོད། མ་རྩའི་ཕན་འབྲས། ཉེན་ཁ་དཔྱད་འཇོག་སོགས་ཐད་ནས་བརྗེ་རེས་བྱས་པ་དང་། འཆར་འགོད་སྒྲིག་བཟོ་དང་ལས་གཞི་གཙོ་བོའི་ཐད་གནས་པའི་དཀའ་ཁག་དང་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པའི་གནད་དོན་ལ་རྒྱུས་ལོན་གསལ་བོ་བྱས། རྟོག་ཞིབ་བྱེད་སྐབས་བསྟན་དོན། རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྲིད་ཇུས་ཀྱི་ཁྲིད་ཕྱོགས་དང་མ་དངུལ་གཏོང་ཕྱོགས་ལ་རྗེས་འདེད་སྦྲེལ་མཐུད་བྱེད་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། སྤྱི་ཡོངས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་བཀོད་སྒྲིག་འོས་འཚམ་བྱེད་པ། རང་ནུས་ཅི་ལྕོགས་དང་ནུས་ཤུགས་ཅི་ཡོད་འདོན་པ། ཚན་རིག་དང་མཐུན་པའི་སྒོ་ནས་གཞུང་ལམ་དང་ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་མཉམ་བསྲེས་ཟབ་མོ་དང་བསྡུ་རུབ་མཐོན་པོ་བྱེད་པར་འཆར་འགོད་བཟང་བོ་བྱེད་པ། རང་ཞིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཐད་ཀྱི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། རྨ་སྟོད་ས་འགུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཤར་བགྲོད་བྱ་བ་བཟང་བོར་བསྒྲུབ་པ་དང་། གནོད་ཐེབས་ཀྱི་འབྲེལ་ཡོད་གནས་ཚུལ་དང་དེའི་ཐད་གནས་པའི་བདེ་འཇགས་ཉེན་ཁར་རྒྱུས་ལོན་གསལ་བོ་བྱེད་པ། གོང་རིམ་ཀྱི་རྒྱབ་སྐྱོར་བྱེད་ཤུགས་བརྩོན་ལེན་བྱེད་པ། གནོད་འཚེའི་རྗེས་ཀྱི་འགྲིམ་འགྲུལ་བསྐྱར་འཛུགས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། འཕྲལ་བསྟུན་ཐག་གཅོད་དང་གནོད་རྗེས་བསྐྱར་འཛུགས། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་བཅས་སྦྲེལ་མཐུད་བྱེད་དགོས་ཟེར།
ཡུས་ཚོང་ལི་དང་ཁྲིན་རུའེ་ཧྥིན། ཁོང་ཡུང་བཅས་རྟོག་ཞིབ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།