མཚོ་སྔོན་ཞིང་ཆེན་ཆེད་དོན་བྱ་བའི་སྒྲིག་སྲོལ་གྱི་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་ཡོངས་ཀྱི་ཏང་ཨུའི་ལྟ་ཞིབ་བྱ་བའི་གྲོས་ཚོགས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། ན་ནིང་གི་བྱ་བར་སྤྱི་སྡོམ་བྱས་པ་མ་ཟད། ད་ལོའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་བྱ་བའི་རེ་བ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཝང་ཅན་ཅུན་གྱིས་བསྟན་དོན། ཕྱི་ཚུལ་རིང་ལུགས་སྒྲིག་བཅོས་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། ཏང་སེམས་དང་མི་སེམས་ཟབ་མོ་ཐོབ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཡོད་ཚད་གནས་ཚུལ་དངོས་ལ་རྐང་འཛུགས་པ་རྒྱུན་འཁྱོངས་བྱེད་པ། དངོས་ཐོག་བདེན་འཚོལ་བྱེད་པ། ཕྱི་ཚུལ་རིང་ལུགས་ཀྱི་ཞན་ཆ་སྒྲིག་བཅོས་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་གཞི་རིམ་བྱ་བའི་ཁུར་བོ་ཇེ་ཡང་དུ་བཏང་ནས། སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་གཞི་རིམ་གྱི་གསོན་ཤུགས་ཆེར་སྐྱེད་པ། བྱ་བའི་ལས་ཆོད་ཇེ་མཐོར་གཏོང་བའི་སྟེང་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་རྩོམ་པའི་ལོ་ཡིན། འགོ་བཟང་བོ་རྩོམ་པ་དེ་སྤྱི་ཡོངས་ལ་འབྲེལ་བ་ཡོད་པ་དང་། འགོ་བཟང་བོ་རྩོམ་ན་དངོས་གཉེར་ལ་མཐོང་ཆེན་བྱེད་པ། དངོས་གཉེར་ལ་མཐོང་ཆེན་བྱེད་ན་ཕྱི་ཚུལ་རིང་ལུགས་ཡོངས་རྫོགས་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱེད་དགོས། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཀླད་པར་དྲག་ཆས་སྤྲས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མེད་པར་བཟོ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། གཞི་རིམ་གྱིས་སེམས་ཁུར་བྱེད་པའི་གནད་དོན་རྙིང་བར་དམ་དུ་དམིགས་པ། ལྟ་ཞིབ་ཞིབ་བཤེར་དང་དཔྱད་ཞིབ་ཚད་ལྡན་དུ་བསྒྱུར་བར་ཤུགས་བསྣན་ནས། རྒྱ་ཆེའི་ལས་བྱེད་པས་དངོས་གཉེར་ལ་བརྩི་མཐོང་བྱེད་པ་དང་ཁག་ཁུར་འབད་འཐབ་བྱེད་པར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བ་དང་། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།
ཡུས་ཚོང་ལི་ཡིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཆེད་དོན་བྱ་བའི་སྒྲིག་སྲོལ་དང་ཏང་ཨུའི་ལྟ་ཞིབ་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་སོང་བ་དང་ཏང་ཨུའི་ལྟ་ཞིབ་སྔར་ལས་ཡར་ཐོན་བྱུང་ལ། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཐད་ནས་བྱེད་ཐབས་གསར་བ་འཚོལ་ཞིབ་བྱས་པ་དང་། སྒྲིག་སྲོལ་འཛུགས་སྐྲུན་ཐད་ནས་གོམ་སྟབས་གསར་བ་བསྒྱུར་དགོས། ཁོས་ནན་གྱིས་བསྟན་དོན། ཕྱི་ཚུལ་རིང་ལུགས་སྒྲིག་བཅོས་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་ནི་ཆབ་སྲིད་ཀྱི་ལས་འགན་ཡིན་པ་དང་། དུས་རབས་གསར་བའི་ཏང་ཨུའི་ལྟ་ཞིབ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་ངེས་པར་དུ་ཆབ་སྲིད་ཀྱི་ཁག་ཁུར་མངོན་པར་བྱེད་དགོས། དངོས་གཉེར་ལ་མཐོང་ཆེན་བྱེད་པ་དང་འཐར་རྩོད་བྱེད་དགོས་ན། དུས་སྐབས་དམ་འཛིན་བྱེད་པ་དང་། དུས་བབ་དང་བསྟུན་ནས་བྱ་བ་བསྒྲུབ་དགོས། ད་ལོའི་བྱ་བ་གཙོ་བོ་བཟང་བོར་བསྒྲུབ་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། གཅིག་གྱུར་འཆར་འགོད་དང་ཚད་ལྡན་དུ་བསྒྱུར་བར་ཤུགས་བསྣན་ནས། རྒྱུན་མཐུད་ངང་ཕྱི་ཚུལ་རིང་ལུགས་ལ་སྒྲིག་བཅོས་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བ་སྤེལ་ཤུགས་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་རང་བཞིན་འབུར་དུ་ཐོན་པར་བྱེད་པ་དང་། བྱེད་ཐབས་ལེགས་བསྒྱུར་བྱས་ཏེ། དུས་རབས་གསར་བའི་ཏང་ཨུའི་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། སྤྱོད་ཚུལ་ཇེ་བཟང་དུ་གཏོང་བ་དང་ལག་བསྟར་དམ་འཛིན་བྱེད་པའི་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས་ཟེར།
ཚོགས་ཐོག་ཏུ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས།
རིན་ཆེན་མཚོས་བསྒྱུར།