མཚོ་སྔོན་ཞིང་ཆེན་གྱི་ལྔ་བའི་ཉེར་གཉིས་ཉིན་གྱི་རྨ་སྟོད་ས་འགུལ་གནོད་སེལ་རྒུད་སྐྱོབ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས།
2021.06.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་དྲུག་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ལྔ་བའི་ཉེར་གཉིས་ཉིན་གྱི་རྨ་སྟོད་ས་འགུལ་གནོད་སེལ་རྒུད་སྐྱོབ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས། རྨ་སྟོད་ཀྱི་ལྔ་བའི་ཉེར་གཉིས་ཉིན་གྱི་ས་འགུལ་གནོད་སེལ་རྒུད་སྐྱོབ་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། གནོད་འགོག་གནོད་སྐྱོབ་དང་གནོད་རྗེས་བསྐྱར་འཛུགས་བྱ་བར་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞིན་ཁྲང་ཞིང་གིས་གཏམ་བཤད།

འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝུའུ་ཞའོ་ཅུན་དང་ལིས་ཅེ་ཞང་། ཡུས་ཚོང་ལི། ཁོང་ཡུང་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། རྨ་སྟོད་ཀྱི་ལྔ་བའི་ཉེར་གཉིས་ཉིན་གྱི་ས་འགུལ་གྱི་རིམ་པ་མཐོ་བ་དང་ཚབས་ཚད་ཆེ་ལ། འཕྲོ་ཡོམ་མང་ཞིང་ཤན་ཤུགས་ཀྱི་ཁྱབ་ཁོངས་རྒྱ་ཆེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཆེན་པོ་དང་འགོ་ཁྲིད་བརྟན་པོའི་འོག འཕྲལ་བསྟུན་མྱུར་སྐྱོར་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་ལྡན་པ་དང་ཁ་གཏད་བཟང་བོ་འཇལ་ལ། ཐག་གཅོད་འགན་སྲུང་བཟང་བོ་བྱས་པ་དང་དྲིལ་སྒྲོག་བརྒྱུད་སྒྲོག་བཟང་བོ་བྱས་ཤིང་། བརྟག་བཤེར་དཔྱད་འཇོག་ཐད་ནས་གཞི་འཛིན་ས་ཡོད་པ་དང་བྱ་བ་བརྟན་བརླིང་ངང་སྤེལ་ཞིང་ཕན་འབྲས་ལྡན་ལ། གནོད་འཚེའི་གྱོང་གུད་ཇེ་ཆུང་དུ་བཏང་བ་དང་། ས་འགུལ་ཚད་རིམ་ཆེན་པོའི་ཁྲོད་འཆི་རྨས་གཅིག་ཀྱང་མེད་པ་དང་རྨས་ཕོག་ཚད་ཉུང་བའི་མཚར་ཉམས་བསྐྲུན་ལ། གནོད་སེལ་རྒུད་སྐྱོབ་ཀྱི་དུས་རིམ་རང་བཞིན་གྱི་རྒྱལ་ཁ་བླངས་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེན་པོ་མངོན་པར་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གནོད་སེལ་རྒུད་སྐྱོབ་དེ་འཕྲལ་བསྟུན་མྱུར་སྐྱོབ་ནས་གནོད་རྗེས་བསྐྱར་འཛུགས་ཀྱི་དུས་རིམ་དུ་སླེབས་ཡོད་པས། སྟེས་དབང་དང་ལྷོད་གཡེང་གི་སེམས་པ་ཡོད་མི་རུང་བར་ངེས་པར་དུ་རིག་པ་གསལ་བོ་བྱེད་པ་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཕྱོགས་གཅིག་ནས་གནོད་འགོག་གནོད་སྐྱོབ་དམ་འཛིན་བྱེད་པ་དང་ཕྱོགས་གཅིག་ནས་གནོད་རྗེས་བསྐྱར་འཛུགས་དམ་འཛིན་བྱས་ཏེ། མུ་མཐུད་དུ་བྱ་བ་སྣ་ཚོགས་དམ་འཛིན་ལྷོད་མེད་བྱེད་དགོས། ནུས་ལྡན་ཕན་མཐོའི་བཀོད་འདོམས་མ་ལག་འཛུགས་སྐྲུན་བྱེད་པ་དང་། འགོ་ཁྲིད་ཚན་ཆུང་གིས་གནོད་རྗེས་བསྐྱར་འཛུགས་བཀོད་འདོམས་པུའུ་འཛུགས་པ། བཀོད་འདོམས་པུའུ་ཡིས་གཞུང་སྒྲུབ་ཁང་བཙུགས་ནས། རིམ་པ་གཅིག་གིས་རིམ་པ་གཅིག་ལ་འགན་ཁུར་བ་དང་རིམ་པ་སོ་སོས་འགན་འཁྲི་ཕྲག་ཏུ་ལེན་པ་དང་འགན་འཁྲི་ལག་བསྟར་བྱེད་པ། ཆེད་ལས་ཅན་གྱི་གནོད་འཚེ་ཐེབས་ཚད་ལ་དཔྱད་འཇོག་བྱེད་པའི་དཔུང་སྡེ་ཞིག་འཛུགས་པ་དང་། འཕྲལ་བསྟུན་དོ་དམ་སྡེ་ཁག་གཙོར་བྱེད་པ། ཆེད་ལས་དཔུང་སྡེ་ཡིས་ལག་རྩལ་གྱི་མཛུབ་ཁྲིད་འདོན་སྤྲོད་བྱེད་པ། ཁྱོན་ཡོངས་དང་ཚན་རིག་དང་མཐུན་པ། གནད་ལ་འཁེལ་བའི་སྒོ་ནས་གནོད་ཐེབས་གནས་ཚུལ་ལ་ཞིབ་བཤེར་དཔྱད་འཇོག་བྱས་ཏེ། གནོད་རྗེས་བསྐྱར་འཛུགས་ཐད་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས། སྤུས་ཚད་མཐོ་བའི་གནོད་རྗེས་བསྐྱར་འཛུགས་བྱ་བའི་ཇུས་གཞི་གཏན་འབེབས་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་སྦྲེལ་མཐུད་དམ་པོ་བྱས་ནས། མིག་སྔར་ལ་རྐང་འཛུགས་པ་དང་ཡུན་རིང་ལ་རྐང་འཛུགས་པ། ས་བབ་དང་བསྟུན་པ། ཕྱོགས་སོ་སོས་དང་ལེན་བྱེད་པ། ཉེན་ཁ་མེད་པར་བྱེད་དགོས། དུས་རབས་གསར་བའི་གནོད་སེལ་རྒུད་སྐྱོབ་ཀྱི་དགོངས་པ་སྦྱོང་བརྡར་བྱེད་པ་དང་། གནོད་རྗེས་བསྐྱར་འཛུགས་ཁྲོད་འཚོ་བའི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པ་དང་། བསམ་པའི་ཁྱིམ་གཞི་འཛུགས་སྐྲུན་བྱས་ཏེ། རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ལ་བརྟེན་ནས་མི་ལ་སློབ་གསོ་གཏོང་བ་དང་མི་ལ་སྐུལ་མ་གཏོང་བ། མི་སྐྱེད་སྲིང་བྱེད་དགོས། གསོན་ཉམས་ལྡན་པའི་དྲིན་གཟོའི་སློབ་གསོ་སྤེལ་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིན་བསམ་པ་དང་ཏང་ཀྲུང་དབྱང་གི་དྲིན་བསམ་པ། རླབས་ཆེན་གྱི་མེས་རྒྱལ་གྱི་དྲིན་བསམ་པ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དྲིན་བསམ་པར་སྣེ་ཁྲིད་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས། ཆ་ཚང་བ་དང་ཁྱོན་ཡོངས་ནས་སྤྱི་སྡོམ་ཐེངས་གཅིག་བྱེད་པ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་གནོད་སེལ་རྒུད་སྐྱོབ་ཀྱི་རྒྱལ་ཁ་གསར་བ་བརྩོན་ལེན་བྱེད་པ་དང་དུས་རབས་གསར་བའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་ཆེད་འབད་འཐབ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་དང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་བཅས་ཀྱི་གནོད་སེལ་རྒུད་སྐྱོབ་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། གྲོས་ཚོགས་བརྙན་རིས་ཀྱི་རྣམ་པ་སྤྱད་དེ་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་པ་དང་། མགོ་ལོག་ཁུལ་དུ་ཡན་ལག་ཚོགས་ར་བཙུགས་ཡོད།

རིན་ཆེན་མཚོས་བསྒྱུར།