ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་ལ། འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་ཉན་པ་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་འགོ་མཛིན་བྱས་ནས་བསྡུས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་དང་ཀྲུང་དབྱང་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ། མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་ཡོན་ཧྲི་ཚོགས་ཆེན་ཀྲུང་གོ་ཚན་རིག་མཐུན་ཚོགས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ། འཛམ་གླིང་ཡོངས་ཀྱི་བདེ་ཐང་མཐོ་རིམ་གླེང་སྟེགས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་སུམ་ཅུ་བའི་སྐབས་ཀྱི་གསུང་བཤད་བཅས་ཀྱིས་སྤྱི་ཡོངས་ཆེན་པོ་གཉིས་ཁྲོད་ཀྱི་མི་གྲངས་མི་སྐྱེས་ཀྱི་གཞི་རྩའི་རྒྱལ་ཇུས་དང་ཚན་རྩལ་གསར་གཏོད་ཀྱི་སྒུལ་ཤུགས་དང་པོ་དང་འོས་འགན་སློབ་གསོའི་ལོ་བརྒྱའི་ཇུས་ཆེན། རང་བྱུང་སྐྱེ་ཁམས་ཀྱི་མིའི་རིགས་ཀྱི་ཁྱིམ་གཞི། ཚེ་སྲོག་བདེ་ཐང་གི་གཞི་རྩའི་འཚོལ་སྙེག རྒྱལ་སྤྱིའི་བརྒྱུད་སྒྲོག་གི་སྣང་བརྙན་སྒེའུ་ཁུང་སོགས་མིག་སྔར་དང་འབྲེལ་བ་དང་མ་འོངས་དང་འབྲེལ་བ་ཡོད་པའི་བྲེལ་མྱུར་གནད་དོན་ལ་དམིགས་ནས། བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་ཏེ། ང་ཚོས་བྱ་བ་བཟང་བོ་བསྒྲུབ་པའི་ཐད་རྩ་བའི་ཕྱོགས་སྟོན་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེས་གསར་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ཟུང་འབྲེལ་བྱེད་པ་དང་། མི་གྲངས་མི་སྐྱེས་ཐད་ནས་སྲིད་ཇུས་ལེགས་བསྒྱུར་བྱེད་པར་དོ་སྣང་བྱེད་པ། ཚན་རྩལ་གསར་གཏོད་ཐད་ནས་ཤེས་ལྡན་མི་སྣར་བརྩི་མཐོང་བྱེད་པ། འོས་འགན་སློབ་གསོ་ཐད་ནས་འདྲ་མཉམ་མཚོན་པར་དོ་སྣང་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ཐད་ནས་གུས་སྐྲག་གི་སེམས་པ་ཡོད་པར་བྱེད་པ། ཚེ་སྲོག་བདེ་ཐང་ཐད་ནས་བཀག་འགོག་སྔོན་དུ་འཛིན་པར་དོ་སྣང་བྱེད་པ། རྒྱལ་སྤྱིའི་བརྒྱུད་སྒྲོག་ཐད་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་མཚོ་སྔོན་ནས་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་ཁོར་ཡུག་ཁྲིམས་འཛིན་ཚོགས་ཆེན་སྟེང་བསྐུར་བའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གིས་མཉམ་དུ་འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པའི་ཀྲུང་གོའི་སྒྲོག་གཏམ་མངོན་པར་བྱས་པ་དང་། ཡོན་ཀྲང་ཀྲིག་ཆང་གི་ཆེད་དོན་གཏམ་བཤད་གྱིས་སྐྱེ་ཁམས་ཁོར་ཡུག་ཁྲིམས་སྐྱོང་སྤེལ་བའི་ཀྲུང་གོའི་ལམ་ལུགས་ཐད་བྱས་རྗེས་བཞག ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་ཁྲིམས་སྐྱོང་སྲུང་སྐྱོབ་ཀྱི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ། ཕན་འབྲས་མཐོ་བའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་ཆེད་དོན་ཞིབ་གཅོད་ལས་ཁུངས་བཀོད་སྒྲིག་བྱེད་པ། ཁྲིམས་སྐྱོང་གི་སྟོབས་ཤུགས་སྤྱད་དེ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པ། ཀྲུང་ཧྭའི་ཆུ་གཏེར་སྲུང་སྐྱོབ་བཟང་བོ་བྱེད་པ། མཚོ་སྔོན་གྱི་སྐྱེ་དངོས་སྲོག་ཆགས་དང་རི་ཆུ་ལ་སྲུང་སྐྱོབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་སྟེང་རྒྱུན་མ་ཆད་པར་གྲུབ་འབྲས་གསར་བ་ལེན་ཐུབ་པར་བྱེད་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་བྱ་བའི་སྲོལ་ཡིག་ནི་དུས་རབས་གསར་བའི་ཏང་གི་རྩ་འཛུགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་སྤྱིའི་གཞི་འཛིན་ས་དང་། ཏང་གི་འགོ་ཁྲིད་སྒྲིག་གཞི་ལ་ཤུགས་སྣོན་པའི་སྤྱིའི་ཚད་གཞི། གོང་འོག་འབྲེལ་མཐུད་དང་ལག་བསྟར་ཤུགས་ཡོད་ཀྱི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བའི་སྤྱིའི་གཞི་འཛིན་ས། བློ་དཀར་དག་གཙང་དང་ཁག་ཁུར་ལྡན་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་སྤྱིའི་བྱེད་ཐབས། རྒྱལ་གཅེས་སྐྱེས་འབུལ་གྱི་ཕྱོགས་སོ་སོའི་ཕུལ་བྱུང་ཤེས་ལྡན་མི་སྣ་གཅིག་ཏུ་བསྡུས་པའི་སྤྱིའི་སྣེ་ཁྲིད། རྩ་འཛུགས་སྡེ་ཁག་གི་རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྤྱིའི་རེ་བ་བཅས་ཡིན། རིམ་པ་སོ་སོའི་ཏང་ཨུས་གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། སློབ་སྦྱོང་དྲིལ་སྒྲོག་ནན་མོ་བྱེད་པ། ལག་བསྟར་ནན་མོ་བྱེད་པ། འགོ་ཁྲིད་ལས་བྱེད་པས་རྒྱུས་ཆེ་བ་དང་། རྩ་འཛུགས་བྱ་བའི་ལས་བྱེད་པས་བྱང་ཆུབ་པ། ཏང་ཡོན་མང་ཚོགས་ཀྱིས་རྒྱུས་ལོན་པར་སྐུལ་འདེད་བཏང་སྟེ། ཏང་གི་རྩ་འཛུགས་བྱ་བའི་ཐད་ཀྱི་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་རྩ་འཛུགས་བྱ་བ་ཚན་རིག་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་དུ་བསྒྱུར་བར་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།
ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་དཔྱད་འདེམ་ངོ་སྤྲོད་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་ཇུས་གཞི་དང་རྒྱུན་རྣམ་སྒོས་རིམས་ནད་འགོག་བཅོས་དང་མཁོ་འདོན་འགན་སྲུང་། དམངས་ཚིས་འགན་སྲུང་། བདེ་འཇགས་འགན་སྲུང་། གཏན་འཇགས་ལ་འགན་སྲུང་བྱས་ནས་གཏན་འཇགས་དྲུག་གི་བྱ་བ་ལག་བསྟར་བྱེད་པ་དང་འགན་སྲུང་དྲུག་གི་ལས་འགན་ལག་བསྟར་བྱེད་པའི་བྱེད་ཐབས་འགའ་ལ་གྲོས་ཞིབ་བྱས་པ་མ་ཟད། བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།