མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ཧྭ་ཏེན་སྡེ་ཚོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད།
2021.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཧྭ་ཏེན་སྡེ་ཚོགས་གཉིས་ཀྱིས་ཟི་ལིང་ནས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་། ཀྲུང་གོ་ཧྭ་ཏེན་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཝུན་ཧྲུའུ་ཀང་བཅས་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས། ཀྲུང་གོ་ཧྭ་ཏེན་སྡེ་ཚོགས་ཀྱི་སྤྱི་གཉེར་བ་གཞོན་པ་ཡུས་པེན་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་གྲོས་མཐུན་བཀོད།

གྲོས་མཐུན་མ་བཀོད་པའི་སྔོན་དུ། ཞིན་ཁྲང་ཞིང་དང་ཝུན་ཧྲུའུ་ཀང་གཉིས་ཀྱིས་བཞུགས་མོལ་བརྗེ་རེས་བྱས། ཞིན་ཁྲང་ཞིང་གིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཝུན་ཧྲུའུ་ཀང་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཧྭ་ཏེན་སྡེ་ཚོགས་ཀྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་བའི་ཁྲོད་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཞུས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཧྭ་ཏེན་སྡེ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་བྱས་པ་དེས། བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་མཚོན་པ་དང་། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་སྦས་ཤུགས་ཐད་རྒྱུས་ལོན་གསལ་བོ་བྱས་ཡོད་པ་མཚོན་ཡོད། ཧྭ་ཏེན་སྡེ་ཚོགས་ནི་རྒྱལ་ནང་དང་ཐ་ན་རྒྱལ་སྤྱིའི་མིང་དུ་གྲགས་པའི་ནུས་ཁུངས་ཁེ་ལས་ཡིན་པ་དང་། ཧྭ་ཏེན་སྡེ་ཚོགས་ཀྱིས་ཀྲུང་དབྱང་གི་རྐང་འཛིན་ཁེ་ལས་ཀྱིས་ཤེས་ལྡན་མི་སྣ་དང་ལག་རྩལ་སོགས་ཕྱོགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་གྱི་ནུས་གསོག་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་དམིགས་འབེན་ཐད་ཞབས་འདེགས་ཞུ་རྒྱུ་དེ་རང་འགན་དུ་བརྩིས་ནས། སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་དགོས། དེ་དང་མཉམ་དུ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པ་དང་། ཞབས་ཞུའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། ཁེ་ལས་ཀྱིས་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་ཐད་མཐུན་རྐྱེན་བསྐྲུན་དགོས།

ཝུན་ཧྲུའུ་ཀང་གིས་ཧྭ་ཏེན་སྡེ་ཚོགས་ཀྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་རྗེས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་མཚོ་སྔོན་དུ་ཕེབས་ནས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས་ཏེ། མཚོ་སྔོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན། མཚོ་སྔོན་གྱིས་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཆ་རྐྱེན་ཁྱད་དུ་འཕགས་པ་དང་། འཕེལ་རྒྱས་ཀྱི་སྦས་ཤུགས་ཧ་ཅང་ཆེ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ནི་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་གནད་འགག་དུས་སྐབས་དང་སྒེའུ་ཁུང་དུས་སྐབས་ཡིན་པ་དང་། ཧྭ་ཏེན་སྡེ་ཚོགས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་གཞི་འགོད་རྒྱུ་དེ་འགོ་ཚུགས་ས་གསར་བ་རུ་བྱེད་པ་དང་། མཚོ་སྔོན་གྱི་ལས་གཞི་དངུལ་གཏོང་དང་ཐོན་ལས་འཕེལ་རྒྱས་གཏོང་ཤུགས་ཆེར་གཏོང་བ། ཧུར་ཐག་གིས་གོ་མཚོན་བཟོ་སྐྲུན་གྱི་ལག་རྩལ་གཙོ་བོའི་འགོ་ཁུངས་དང་དེང་རབས་ཐོན་ལས་སྦྲེལ་ཐག་འཛུགས་སྐྲུན་བྱེད་པ། ནུས་མང་ཁ་གསབ་ཕྱོགས་བསྡུས་རིག་སྟོབས་ནུས་ཁུངས་སོགས་ཕྱོགས་ནས་མཉམ་ལས་སྤེལ་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།