ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།
2021.06.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས། ཁོ་གཉིས་ཀྱིས་ནན་གྱིས་བསྟན་དོན། འགུལ་སྐྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ལེན་པ། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐད་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ལོ་གཉིས་ནང་ལྗང་བསྒྱུར་བྱེད་པ་དང་སྣང་བརྙན་བསྐྲུན་པའི་རྒྱུགས་ལན་ཚད་ལྡན་སྤྲོད་དགོས།

དབྱར་འགོའི་དུས་སུ། མུ་རི་གཏེར་ཁུལ་དུ་སྔར་བཞིན་ཁངས་ཆར་འདྲེས་མ་འབབ་བཞིན་ཡོད་པ་དང་གྲང་ངར་ཧ་ཅང་ཆེ། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་སྔ་གཞུག་ཏུ་གཏེར་ཁུལ་དུ་སོང་ནས། འགན་སྒྲུབ་ལས་ཁུངས་ཀྱི་འཛུགས་སྐྲུན་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན་པ་དང་། བཅོས་སྐྱོང་རྒྱ་ཁྱོན་དང་ས་འགེབས་ལུད་རྒྱག རྩྭ་འདེབས་ལྗང་བསྒྱུར། ཆུ་སྦྲེལ་མཐུད་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ལ། གཏེར་དོང་དང་གཏེར་ཁ་སྔོག་འདོན་བྱས་རྗེས་ཀྱི་རི་བོ་བཅོས་སྐྱོང་གི་ལྟ་སྐུལ་པར་རིས། ཇུས་འགོད་པར་རིས་ལ་ལྟ་ཞིབ་བྱས་པ་དང་། འཛུགས་སྐྲུན་གོ་རིམ་ཁྲོད་འཕྲད་པའི་དཀའ་ཁག་དང་ལུད་རྫས་བཀོལ་སྤྱོད་ཐད་ནས་གསལ་བོར་དྲིས་ལ། ཕྱོགས་བསྡུས་བཅོས་སྐྱོང་གི་བྱེད་ཐབས་དང་གྲུབ་འབྲས། རྗེས་དུས་སྲ་བརྟན་དུ་གཏོང་བ་སོགས་ཐད་ནས་ཡུལ་དངོས་ལྟ་སྐུལ་བྱས་པ་དང་། འཛུགས་སྐྲུན་སྡེ་ཁག་གིས་རྩྭ་འདེབས་ལྗང་བསྒྱུར་ཁྲོད་གསར་སྐྲུན་བྱས་པའི་གོམ་རིམ་བདུན་གྱི་བྱ་བའི་བྱེད་ཐབས་དང་ཕྱོགས་བསྡུས་བཅོས་སྐྱོང་ཁྲོད་ཏང་ཡོན་ལ་འགན་འཁྲིའི་ས་ཞིང་བགོ་བ། བུད་མེད་ཐོད་བརྒལ་རུ་ཁག་འཛུགས་པ་སོགས་ཀྱི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གིས་བསྟན་དོན། སྐྱེ་ཁམས་ནི་དཔལ་འབྱོར་ཡིན་ལ། བཅོས་སྐྱོང་ནི་སྲུང་སྐྱོབ་ཡིན་པ་དང་། སྐྱེ་ཁམས་ཀྱི་མདུན་དུ་ས་ཆ་ཅི་འདྲའི་ཆུང་བ་ཞིག་ཡིན་ན་ཡང་གཏོར་བརླག་བྱེད་མི་རུང་ལ། སྲུང་སྐྱོབ་ཀྱི་མདུན་དུ་སླུ་བྲིད་ཅི་འདྲ་ཆེ་ན་ཡང་སེམས་འགུལ་མི་རུང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་བྱ་བ་གལ་ཆེན་ཡིན་པ་ནམ་ཡང་ཡིད་ལ་དམ་པོར་འཛིན་པ་དང་། ཆུ་དྭངས་རི་ལྗང་སྟོང་ཟད་དུ་མ་བཏང་ན་ད་གཟོད་གསེར་རི་དངུལ་རི་ཐོབ་པ་ཡིད་ལ་དམ་པོར་འཛིན་པ། ཆོས་ཉིད་ལ་བརྩི་མཐོང་བྱེད་པ་དང་དངོས་ཐོག་བདེན་འཚོལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཚན་རིག་ལ་མཐོང་ཆེན་བྱེད་པ་དང་སྤུས་ཚད་གཙོར་བཟུང་ནས། ཕྱོགས་བསྡུས་བཅོས་སྐྱོང་གི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ་དང་། ཀྲུང་ཧྭའི་ཆུ་གཏེར་གྱི་སྲུང་སྐྱོབ་པ་བྱེད་དགོས། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། འཁྱག་ཀླུང་དང་བྱེ་ས་ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། འགོ་ཁུངས་བཅོས་སྐྱོང་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། བཅོས་སྐྱོང་བྱེད་ཞོར་དུ་འཐུས་ཚང་དུ་གཏོང་བ་དང་སྤྱི་སྡོམ་བྱེད་ཞོར་དུ་མཐོར་འདེགས་གཏོང་བ། བཅོས་སྐྱོང་ཇུས་གཞི་ལེགས་བསྒྱུར་བྱེད་པ་དང་བཅོས་སྐྱོང་གྲུབ་འབྲས་མཐོར་འདེགས་གཏོང་བ། རྗེས་བཀོད་དོ་སྲུང་ལ་ཤུགས་བསྣན་ནས། མཐོ་སྒང་གི་མཚོ་འཕགས་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་ལེགས་བསྒྱུར་གྱི་ཕན་ལྡན་ལམ་བུ་དང་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། འགན་འཁྲི་ལག་བསྟར་བྱེད་པ་དང་གནད་ཕིགས་ལས་སྒྲུབ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ལྗང་བསྒྱུར་བྱེད་པ། དོ་དམ་ནན་མོ་བྱེད་པ། མིག་སྔའི་ཕྱོགས་བསྡུས་བཅོས་སྐྱོང་ཐད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཁྱོན་ཡོངས་ཀྱི་གནམ་ས་དང་མཁའ་དབུགས་གཞི་གཅིག་ཅན་གྱི་ལྟ་ཞིབ་སྒེའུ་ཁུང་འཐུས་ཚང་དུ་བཏང་སྟེ། བཅོས་སྐྱོང་ཐད་ནས་གནད་དོན་ཡང་བསྐྱར་མི་འབྱུང་བ་དང་ཡུན་ཕན་ཐད་ནས་རྐྱེན་སྲོལ་ཡོད་པར་ཁག་ཐེག་བྱེད་པ་དང་། ལག་ལེན་དང་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པར་བྱེད་དགོས། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་ཡུལ་དངོས་ཀྱི་ཆེད་མཁས་པའི་དཔུང་སྡེ་ཡིས་རིག་གཞུང་དང་ཆེད་ལས་ཀྱི་ཟུར་ངོས་ནས། དཔྱད་གཞི་ཞིབ་འཇུག་དང་རྩོད་སྒྲུབ་བརྒྱུད་དེ་ཕྱོགས་བསྡུས་བཅོས་སྐྱོང་གི་འདས་མ་འོངས་ད་ལྟ་གསུམ་གྱི་གནས་ཚུལ་མངོན་པར་བྱེད་པ་དང་། མཐོ་སྒང་ས་ཆའི་གནས་ཚུལ་མཚོན་དགོས་པ་མངག་བཅོལ་བྱས།

ཞིང་ཆེན་གྱི་འགོ་ཁྲིད་ཐིན་ཅཱ་ཚའེ་དང་ལིས་ཅེ་ཞང་། ཝང་ལིས་མེན། ལིའུ་ཐའོ་བཅས་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།