མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱེད་པའི་གྲོས་ཚོགས་ཟི་ལིང་ནས་འཚོགས།
2021.06.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱེད་པའི་གྲོས་ཚོགས་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་ཟི་ལིང་ནས་འཚོགས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་བ། ཐེངས་ལྔ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་ནན་མོ་བྱས་པ་དང་། ལོ་བརྒྱའི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་འབད་འཐབ་བྱས་ནས་བསྐྲུན་པའི་བྱས་རྗེས་ཆེན་པོར་བསྔགས་བརྗོད་བྱས་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པར་སྐུལ་འདེད་བཏང་བ་དང་། གསར་སྤེལ་གསར་གཏོད་དང་ཁག་ཁུར་དངོས་གཉེར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་བཞག ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གཉིས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

སྔ་དྲོའི་དུས་ཚོད་བཅུའི་སྟེང་། གྲོས་ཚོགས་རྔམ་བརྗིད་ལྡན་པའི་རྒྱལ་གླུ་ཁྲོད་འཚོགས་འགོ་བརྩམས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་གཏན་ཁེལ་སྒྲོག་འདོན་བྱས། གྲོས་ཚོགས་ལ་ཞུགས་པའི་ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་ཚབ་མི་སྣར་བྱ་དགའ་བྱིན། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། ཀྲུང་གོའི་སྦྲགས་སྲིད་སྡེ་ཚོགས་ན་གོར་མོ་གྲོང་ཁྱེར་ཡན་ལག་ཀུང་ཟིའི་སྦྲགས་སྐྱེལ་བ་ཀི་ཅུན་དང་། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུའུ་ནན་ཁྲོན་ནུབ་ལམ་སྲང་ལམ་ཨན་ཉིན་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲའོ་ཡ་ཉི། ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་ཁུར་མི་སྣ། ཧེ་ཡན་རྫོང་གསེར་ཐང་ཡུལ་ཚོ་ཏུང་ཏཱ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉིག་ཧྲིན་ཡོའུ་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལ་དུས་ཆེན་གྱི་འཚམས་འདྲི་བྱས། ཁོས་བསྟན་དོན། ད་ལོ་ནི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིང་ཞའོ་ཕིང་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་འགུལ་སྐྱོད་ཕྱོགས་སྟོན་དུ་བྱས་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་བརྟན་སྲུང་བྱེད་རྒྱུ་དེ་རྩ་བའི་སྒུལ་ཤུགས་སུ་བྱས་ལ། རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་འབད་འཐབ་དང་བརྗིད་ཆགས་ཉམས་ལྡན་གྱི་དུས་རབས་ཞིག་བརྒལ་བ་དང་། མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་བྱས་རྗེས་ངོ་མཚར་ཅན་རབ་དང་རིམ་པ་བསྐྲུན་ལ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོར་གྱུར་བ། སྟོབས་ལྡན་དུ་བསྒྱུར་བའི་རླབས་ཆེན་མཆོང་བརྒལ་མངོན་འགྱུར་བྱས་པ་དང་། རིགས་སོ་སོའི་མི་དམངས་ཀྱིས་དཀའ་སྡུག་གི་ལོ་ཟླའི་ཁྲོད་འགྱུར་ལྡོག་མྱོང་ཚོར་བྱས་ལ། དོན་དངོས་ལས་ཀྲུང་གོ་གུང་ཁྲན་ཏང་རླབས་ཆེ་བ་དང་གཟི་བརྗིད་ལྡན་པ། ཡང་དག་པ་ར་འཕྲོད་བྱུང་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ནི་ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོ་དང་འཐབ་ཕྱོགས་སོ་སོ་ནས་ཡོང་བའི་གདོང་ལེན་དཔེ་ལེགས་ཅན་དང་། ཏང་གི་དར་ཆར་གཟི་མདངས་སྩོལ་བ་དང་ཏང་གི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་ལ་ཁ་དོག་སྣོན་པའི་དཔེ་མཚོན་པ་ཡིན། ཞིང་ཆེན་གོང་འོག་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ། སྔོན་ཐོན་མིག་དཔེ་རུ་བྱེད་པ། ཕུལ་བྱུང་དཔེ་ལེགས་ཅན་དུ་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོ་བཅངས་པ། རྒྱུན་མཐུད་ངང་འབད་འཐབ་བྱེད་པ་དང་དཔའ་སྐྱེད་མདུན་སྐྱོད་བྱས་ནས། དུས་རབས་གསར་བའི་ཏང་གི་བུ་དང་བུ་མོ་བྱེད་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་མཁན་བྱེད་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ཡིད་རྟོན་པ་བྱེད་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ། གཙོ་འཛིན་གྱི་དགོངས་པ་སློབ་སྦྱོང་བྱེད་པའི་སློབ་མ་བཟང་བོ་བྱེད་པ། གཙོ་འཛིན་གྱི་དགོངས་པ་ལག་བསྟར་བྱེད་པའི་མིག་དཔེ་བྱེད་པ། གཙོ་འཛིན་གྱི་དགོངས་པ་རྒྱུན་འཛིན་གྱི་དཔེ་མཚོན་བྱེད་པ། གུང་ཁྲན་ཏང་མིའི་ཀུན་སྤྱོད་ལ་བརྩི་བཀུར་བྱེད་པར་བརྟེན་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་བྱས་པའི་ཁ་ཕྱོགས་བརྒྱུད་དེ་དཔའ་སྐྱེད་མདུན་སྐྱོད་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་གི་བརྩི་སྲུང་བ་བྱེད་ན། ཏང་གི་སྒྲིག་ཡིག་བརྩི་སྲུང་བྱེད་པ་དང་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པ། ཏང་གི་སྒྲིག་ཡིག་ལག་བསྟར་བྱེད་པ། ཏང་གི་སྒྲིག་ཡིག་སྲུང་སྐྱོབ་བྱེད་རྒྱུ་དེ་མི་ཚེ་གང་བོའི་ངེས་སྦྱོང་སློབ་ཚན་དུ་བྱེད་པ། དུས་ནམ་ཡང་ཏང་གི་སྒྲིག་ཡིག་སྤྱད་དེ་རང་ཉིད་ལ་ལྟ་ཞིབ་བྱེད་པ་དང་། ཡིད་རྟོན་ཇེ་བརྟན་དུ་གཏོང་བ། ཏང་གི་སྒྲིག་ཡིག་ནང་བཏོན་པའི་རེ་བ་ཚང་མ་ངེས་པར་དུ་ལག་བསྟར་བྱེད་པ། ཏང་གི་སྒྲིག་ཡིག་ནང་བཀག་འགོག་བྱས་ཡོད་པ་ཚང་མ་བཀག་འགོག་བྱས་ནས། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། ཏང་གི་རྩ་བའི་དམིགས་འབེན་གྱི་ལག་བསྟར་པ་བྱེད་ན། མི་དམངས་ནི་ཏང་གི་གཞི་རྩ་དང་ཁྲག་རྒྱུད། སྟོབས་ཤུགས་ཀྱི་འགོ་ཁུངས་ཡིན་པ་ཡིད་ལ་དམ་པོར་འཛིན་པ་དང་། རྒྱལ་ཁབ་ནི་མི་དམངས་ཀྱི་རྒྱབ་རྟེན་ཡིན་ལ། མི་དམངས་ནི་རྒྱལ་ཁབ་ཀྱི་གཞི་མ་ཡིན་པ་ཡིད་ལ་བརྟན་པོར་འཛིན་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་དམ་ཚིག་ཏུ་བརྩི་བ། མི་དམངས་ཀྱི་ལངས་ཕྱོགས་སུ་ནམ་ཡང་བརྟན་པོར་འགྲེང་བ། མི་དམངས་སེམས་ཁོང་གི་གོ་གནས་ཆེས་མཐོ་ས་རུ་འཇོག་པ། མཉམ་དུ་ཕྱུག་པོར་བསྒྱུར་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ཀྱི་སྐུལ་འདེད་པ་བྱེད་ན། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དང་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཏང་སྐྱོང་བྱེད་ཕྱོགས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། རྨང་གཞི་གཙོ་བོ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་གོ་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་མཐོར་འདེགས་གཏོང་བ། རྩ་ལག་མཉམ་བཅོས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་འཕེལ་རྒྱས་སུ་བཏང་སྟེ། ཆབ་སྲིད་དག་གཙང་དང་སྲིད་གཞུང་དག་གཙང་། ལས་བྱེད་པ་དག་གཙང་ཡིན་པའི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་བོ་སྲ་བརྟན་དུ་གཏོང་དགོས། ཏང་གི་ལས་དོན་ལ་འབད་འཐབ་བྱེད་མཁན་བྱེད་ན། ཏང་གི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། ལོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ། སྙིང་སྟོབས་བཟང་བོ་དང་དཔའ་སྐྱེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་པས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་་རླབས་ཆེན་ལག་བསྟར་ཁྲོད། ཧུར་ཐག་གིས་དུས་རབས་དང་ལོ་རྒྱུས། མི་དམངས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་བསྐྲུན་དགོས་ཟེར།

ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅན་ཅུན་གྱི་གཏམ་བཤད་ཀྱི་རེ་བ་ལྟར། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་མིག་དཔེར་བྱེད་པ། ཁོ་ཚོའི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་འགན་འཁྲི་ཁག་ཁུར། གསར་སྤེལ་དང་འབད་འཐབ་དངོས་གཉེར་གྱི་སྙིང་སྟོབས། མཐོ་སྒང་དུ་གཞི་ཆགས་པ་དང་མཚོ་སྔོན་ལ་བྱས་རྗེས་འཇོག་པའི་བློ་རྩ་བརྟན་པོར་སློབ་སྦྱོང་བྱེད་པ། སྔོན་ཐོན་ལ་བརྩི་མཐོང་དང་སྔོན་ཐོན་ལ་སློབ་སྦྱོང་བྱེད་པ། སྔོན་ཐོན་བརྩོན་ལེན་བྱས་ཏེ། ཞིང་ཆེན་གོང་འོག་ཡོངས་ཀྱིས་ནམ་ཡང་ཏང་གི་རྗེས་སུ་འབྲངས་པ་དང་དུས་རབས་གསར་བར་འབད་འཐབ་བྱེད་པ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་། ཏང་གི་དར་ཆ་མཚོ་སྔོན་ས་ཆ་ནས་ལྷབ་ལྷུབ་ཏུ་བསྐྱོད་པར་བྱེད་དགོས་ཟེར།

ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། བློ་མཐུན་རྒན་པ་ཀོན་ལེ་དང་སངས་རྒྱས། སུའུ་ཉིང་། ཀྲའོ་ཆི་ཀྲུང་། པའོ་དབྱི་ཀྲི་བཅས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་མ་འཚོགས་གོང་དུ། ཞིང་ཆེན་གྱི་ཚོགས་ཞུགས་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་དང་མཉམ་པར་བསྐྱོན།

ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་སོ་སོ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས། དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ། བློ་མཐུན་རྒན་པའི་འཐུས་ཚབ་པ། ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མི། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་བྱེད་པའི་འཐུས་ཚབ། ཟི་ལིང་གྲོང་ཁྱེར་གྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་འཐུས་ཚབ། སློབ་གྲྭ་ཆེན་མོ་བ་དང་སྤྱི་བདེ་ཉེན་རྟོག་པའི་འཐུས་ཚབ། གཟེངས་བསྟོད་ཐོབ་པའི་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།