ཟླ་བདུན་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་གྲོས་ཚོགས་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་གྲོས་ཚོགས་ཐེངས་བཞི་བ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ལོ་རྒྱུས་ནང་དོན་གཙོ་བོ་རུ་བྱས་ནས་བགྲོ་གླེང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ཏུ། རྡོ་རྗེ་རབ་བརྟན་དང་ཝུའུ་ཞའོ་ཅུན། ཀྲང་ཀོང་རོང་། ཐིན་ཅ་ཚའེ། ཁྲིན་རུའེ་ཧྥིན། ཀྲང་ཧོང་ཡོན། ཚེ་རིང་ཐར། ལིས་ཧོང་ཡ། ཀྲང་ཞའོ་རོང་། མཱ་ཧྥིན་ཁྲིན་བཅས་ཀྱིས་སྔ་གཞུག་ཏུ་བརྗེ་རེས་གཏམ་བཤད་བྱས། ལྟེ་གནས་ཚན་ཆུང་གི་བློ་མཐུན་གཞན་པས་ཡིག་ཐོག་གཏམ་བཤད་རྒྱུ་ཆ་སྤྲད།
ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གཙོ་ཐིག་ལ་དམིགས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམིགས་འབེན་གཙོ་བོ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་བརྗོད་དོན་མངོན་འགྱུར་བྱས་ལ། དགོངས་པ་གསར་བ་རྒྱུས་ལོན་བྱས་པ་དང་དུས་རབས་གསར་བར་བསྔགས་བརྗོད་བྱས་ལ། འགན་འཁྲི་གསར་བ་ཕྲག་ཏུ་བླངས་པ་དང་། འཐབ་ལམ་གསར་བར་ཞུགས་ནས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་མངོན་པར་བྱས་ཡོད་པའི་ཚུལ་བསྟན།
ཚོགས་ཐོག་ནས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་དམིགས་ནས་སྤེལ་བའི་སློབ་སྦྱོང་བགྲེ་གླེང་ཐེངས་བཞི་བོ་ནི་གཞི་གཅིག་ཡིན་ལ། ཐེངས་རེ་རེའི་བགྲོ་གླེང་གིས་བརྗོད་དོན་གཅིག་ལ་དམིགས་ཡོད་པ་དང་། ཐེངས་རེ་རེའི་གཏམ་བཤད་ཐད་ཚང་མས་སློབ་སྦྱོང་དང་རྒྱུས་ལོན། ལག་ལེན་བྱས་པའི་ཁྱད་ཆོས་འདུ་ལ། བགྲོ་གླེང་གི་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་ལ། གཟབ་ནན་དང་བདེ་ཐང་ཡིན་པ་དང་། ལོ་རྒྱུས་བསླབས་ནས་གནས་ཚུལ་རྟོགས་པ་དང་ལོ་རྒྱུས་བསླབས་ནས་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། ལོ་རྒྱུས་བསླབས་ནས་ལག་བསྟར་དམ་འཛིན་བྱེད་པའི་གྲུབ་འབྲས་བཟང་བོ་བླངས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་གཙོར་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། དར་ཆ་མཐོན་པོར་བསྒྲེང་བ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་རྒྱུ་དེ་ཡིན་པ་དང་།། བགྲོད་ལམ་ཞིག་ཏུ་བཟང་བོར་བསྐྱོད་པ་ནི་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱས་ཏེ། མཉམ་དུ་མི་དམངས་ཕྱུག་པོར་བསྒྱུར་བ་དང་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བ། ཀྲུང་གོ་མཛེས་སྡུག་ཏུ་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན། བདེན་ལུགས་གཅིག་ཁོང་དུ་ཆུད་པར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་ལ་ནུས་པ་ལྡན་པ་དང་མར་ཁེ་སི་རིང་ལུགས་བཟང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཟང་བ་དེ་མཐར་སྟུག་ན་མར་ཁེ་སི་རིང་ལུགས་བཟང་བར་ཐུག་ཡོད་པས། གུང་ཁྲན་ཏང་མིས་བདེན་ལུགས་ཀྱི་ཆེད་དུ་འབད་འཐབ་བྱེད་དགོས། ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་ནི་ང་ཚོ་ཏང་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཐོག་མའི་བསམ་འདུན་ཡིན་པ་དང་། རྒྱལ་ཁབ་ནི་མི་དམངས་ཡིན་པ་དང་མི་དམངས་ནི་རྒྱལ་ཁབ་ཡིན་པ་ཡིད་ལ་དམ་པོར་འཛིན་པ། དམངས་སེམས་ནི་ཆེས་ཆེ་བའི་ཆབ་སྲིད་ཡིན་པ་ཡིད་ལ་དམ་པོར་བཟུང་ནས། བློ་བརྟན་འགྱུར་མེད་ཀྱིས་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་རེ་སྒུག་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་རྒྱུ་དེ་ཡིན། སྤྱོད་བཟང་གྲུབ་པར་བྱེད་རྒྱུ་ནི་ཏང་ལ་བློ་དཀར་བར་བྱེད་རྒྱུ་དེ་གུང་ཁྲན་ཏང་མིའི་ཆབ་སྲིད་རྒྱུ་སྤུས་གཙོ་བོར་བརྩི་བ་དང་། ནམ་ཡང་ཏང་ལ་བློ་དཀར་བ་དང་ཏང་གི་ལས་དོན་ལ་བློ་དཀར་བར་བྱེད་པ། རང་ཉིད་ཀྱི་ལག་ལེན་བརྒྱུད་དེ་སྤྱོད་བཟང་གྲུབ་པར་བྱེད་རྒྱུ་དེ་ཡིན། མཉམ་དུ་ཕུགས་འདུན་མངོན་འགྱུར་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཡིན་པ་དང་། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་གསར་གཏོད་བྱེད་པ། ངེས་པར་དུ་དགུ་ལག་བསྟར་བྱེད་པ་དང་མཉམ་དུ་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱུད་རིམ་ཁྲོད་གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་དགོས་ཟེར།
ཚོགས་འདུའི་སྔོན་དུ། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མིས་མཉམ་དུ་མཚོ་སྔོན་ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས།
རིན་ཆེན་མཚོས་བསྒྱུར།