ཟླ་བདུན་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཀྲེ་ཅང་ཞིང་ཆེན་དུ་ལྟ་ཞིབ་བྱེད་པར་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཁ་གཏད་རོགས་སྐྱོར་གཏིང་ཟབ་ཏུ་བཏང་ལ། སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱས་པ་དང་། མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་བསྡུས་པའི་ཀྲེ་ཅང་དང་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་བརྗེ་རེས་གྲོས་ཚོགས་སྟེང་། ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡོན་ཅ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཀྲིན་ཧྲན་ཅེ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་སོ་སོར་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས། ཕྱོགས་གཉིས་ཀྱིས་ནུས་ཁུངས་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་སྒྲོམ་གཞི་གྲོས་མཐུན་བཀོད།
ཡོན་ཅ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཀྲེ་ཅང་ལ་ལྟ་ཞིབ་བྱེད་པར་ཡོང་བར་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཀྲེ་ཅང་དང་མཚོ་སྔོན་གཉིས་བར་ཐག་རིང་ན་ཡང་། ཞིང་ཆེན་གཉིས་ཀྱི་མཉམ་ལས་བརྗེ་རེས་ཀྱི་ལོ་རྒྱུས་རིང་ཞིང་མཛའ་བརྩེ་ཟབ་མོ་ཡོད། ལོ་འདི་འགའི་རིང་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ལྟ་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པས། དབུལ་ཐར་མཁྲེགས་གཏོར་དང་བཅོས་བསྒྱུར་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་བླངས། ང་ཚོས་མཚོ་སྔོན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་ཆབ་སྲིད་ཁག་ཁུར་དང་། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་རེ་བ་མཐོན་པོས་ཀྲུང་ཧྭའི་ཆུ་གཏེར་སྲུང་སྐྱོབ་བྱེད་པའི་ཉམས་མྱོང་བྱེད་ཐབས། དཀའ་སྤྱད་འབད་འཐབ་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱེད་པ་དང་མི་དམངས་འཚོ་བའི་རྒྱུ་སྤུས་ཁྱོན་ཡོངས་ནས་ལེགས་བསྒྱུར་བྱེད་པའི་དམངས་སེམས་བསམ་བློ། དབྱང་དབུགས་དཀའ་ཡང་སྤོབས་པའི་ཁེངས་པ་དང་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་བསམ་པའི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཕུགས་འདུན་ཡིད་རྟོན་ལ་སློབ་སྦྱོང་བྱེད་དགོས། མིག་སྔར། ཀྲེ་ཅང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་བཞིན་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་དང་མཉམ་དུ་ཕྱུག་པོར་བསྒྱུར་བའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་པས། ང་ཚོས་མཚོ་སྔོན་དང་མཉམ་དུ། ཕྱོགས་གཉིས་ཀྱི་སྔར་ཡོད་ཀྱི་མཉམ་ལས་བཟང་བོའི་རྨང་གཞིའི་སྟེང་། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་པ་དང་མཉམ་ལས་ཀྱི་རིམ་པ་མཐོར་འདེགས་གཏོང་བ། མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མུ་མཐུད་དུ་མཁྲེགས་གཏོར་གྱི་རྣམ་པས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ། ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གྲོང་གསེབ་དར་སྤེལ་དཔེ་སྟོན་ས་གནས་འཛུགས་སྐྲུན་བྱས་ཏེ། རིག་སྟོབས་ནུས་ཁུངས་དང་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། དམངས་ཚིས་ལེགས་བསྒྱུར་བྱེད་པ་སོགས་ཀྱི་གནད་འགག་ཁྱབ་ཁོངས་ཐད་ཤུགས་འདོན་དགོས། རྒྱལ་ནང་རྒྱལ་སྤྱིའི་འཁོར་རྒྱུག་ཟུང་དང་རྒྱུད་གཅིག་ལམ་གཅིག ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་དམིགས་ནས་ཤུགས་འདོན་པ་དང་། མཉམ་དུ་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཏང་སྲིད་བརྗེ་རེས། རིག་གནས་བརྗེ་རེས། ཚན་རྩལ་ཤེས་ལྡན་མི་སྣའི་བརྗེ་རེས་བཅས་གཏིང་ཟབ་ཏུ་བཏང་ནས། ཀྲེ་ཅང་དང་མཚོ་སྔོན་བར་གྱི་བརྗེ་རེས་མཉམ་ལས་ཡང་བསྐྱར་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།
ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་ཀྲེ་ཅང་ཞིང་ཆེན་གྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱེད་པའི་དུས་སྐབས་གལ་ཆེན་དུ། ང་ཚོ་གསར་བརྗེ་འགོ་རྩོམ་ས་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྔོན་བསྐྱོད་ས་ཆ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཐོག་མར་བྱུང་ས་རུ་ཡོང་བ་ན། ང་ཚོར་ཏང་གི་འགོ་ཁྲིད་ནི་ཧ་ཅང་ཡང་དག་པ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་དགེ་མཚན་ཆེན་པོ་ལྡན་པ། མེས་རྒྱལ་གྱི་ཁྱིམ་གཞི་ཆེན་པར་ཧ་ཅང་དྲོད་ཁོལ་ལྡན་པའི་ཚོར་སྣང་བྱིན། ཀྲེ་ཅང་ནི་གསར་བརྗེའི་འགོ་ཁུངས་ཡིན་པ་དང་། ལོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་གོ་གནས་ཧ་ཅང་གལ་ཆེན་ཟིན། ཐག་ཉེ་ས་ནས་གསར་བརྗེའི་སློབ་གསོ་དང་ལེན་བྱས་པ་དེས་ང་ཚོའི་ཏང་དང་མི་དམངས་ལ་གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཇེ་བརྟན་དུ་བཏང་། ཀྲེ་ཅང་ནི་མཉམ་དུ་ཕྱུག་པོར་བསྒྱུར་བའི་དཔེ་སྟོན་ས་ཁུལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བརྒྱད་བརྒྱད་འཐབ་ཇུས་དེ་ཀྲེ་ཅང་ས་ཆ་ནས་ལག་བསྟར་བྱས་པ་མ་ཟད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ལ། མཉམ་དུ་ཕྱུག་པོར་བསྒྱུར་བའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་འགན་འཁྲིས་ཀྲེ་ཅང་ལ་གདོང་ལེན་དམག་བྱེད་པའི་སྙིང་སྟོབས་སྦྱིན་པས། ང་ཚོས་ཀྲེ་ཅང་གི་ཉམས་མྱོང་བཟང་བོར་སློབ་སྦྱོང་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས། ཀྲེ་ཅང་ནི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་གཉེན་ཉེ་ཡིན་པ་དང་། ལོ་བཅུའི་རིང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པ་དེས་ཞིང་ཆེན་གཉིས་ཀྱི་མི་དམངས་བར་གྱི་འབྲེལ་བ་སྔར་ལས་ཇེ་བཟང་དུ་བཏང་། འགོ་ཚུགས་ས་གསར་བའི་སྟེང་འཐབ་ལམ་གསར་བར་འགོ་རྩོམ་ན། ང་ཚོས་ཀྲེ་ཅང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ཁ་གཏད་རོགས་སྐྱོར་དང་ནུས་ཁུངས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའ་གྲོས་མཐུན་ལག་བསྟར་ནན་མོ་བྱེད་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ལྟ་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་ཤུགས་ཡོད་འདེགས་སྐྱོར་དུ་བརྩིས་ནས། མཉམ་དུ་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ཟེར།
རིན་ཆེན་མཚོས་བསྒྱུར།