མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2021.07.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ། རྒྱལ་ཡོངས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་ཉན་ལ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་སོ་གཅིག་པ། བདུན་གཅིག་གཟེངས་རྟགས་སྟེར་བའི་མཛད་སྒོ། ཧྥ་རན་སི་དང་འཇར་མན་གྱི་འགོ་ཁྲིད་བར་གྱི་བརྙན་རིས་མཐོ་རིམ་གྲོས་ཚོགས། ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་གི་སྲིད་ཏང་འགོ་ཁྲིད་མི་སྣའི་མཐོ་རིམ་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་བཅས་ཀྱིས་འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ཡོད་པ་དང་། དུས་རབས་འཕེལ་རྒྱས་དང་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེང་ནས། སྤྱི་ཡོངས་གཉིས་ཀྱི་མིག་རྒྱས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་འཛིན་འདུ་ཤེས་དང་དམིགས་འབེན། རིན་ཐང་། དམིགས་འབེན་འཚོལ་སྙེག་གསལ་བཤད་བྱས་ཡོད་པ་དང་། འཐབ་ཇུས་བསམ་བློ་དང་རྩོད་སྒྲུབ་བསམ་བློ། མ་ལག་བསམ་བློ། ཚད་མཐའི་བསམ་བློ་ལྡན་ལ། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། ལག་ལེན་རང་བཞིན་ཆེན་པོ་ལྡན། གསུང་བཤད་གལ་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་ལ་དམིགས་ནས། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་འཆར་འགོད་བྱེད་པའི་གཙོ་ཐིག་གིས་ཁྱབ་པར་བྱས་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་འགོ་ཁྲིད་དེ་བཏོད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་བརྟན་སྲུང་བྱས་པ་དང་། ཀྲུང་གོས་ནམ་ཡང་ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་གཞག དམངས་གཙོ། རང་དབང་བཅས་རྒྱུན་འཁྱོངས་བྱེད་པའི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་ཡོད་ལ། འཛམ་གླིང་གི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་མིའི་རིགས་སྤྱི་ཚོགས་ཀྱིས་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ཐད་བྱས་རྗེས་འཇོག་པའི་ཁག་ཁུར་མངོན་པར་བྱས་ཡོད་པས། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཚོ་སྔོན་དུ་ལག་ལེན་མཐར་ཕྱིན་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པའི་སྟེང་གྲོས་ཞིབ་བྱས་པའི་བྱ་བ་དེ་སྤྱི་ཡོངས་ལ་འབྲེལ་བ་ཡོད་པ་དང་ཡུན་རིང་ལ་འབྲེལ་བ་ཡོད། ལྷག་པར་དུ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཇུས་གཞི་དེ་མཚོ་སྔོན་དང་འབྲེལ་བ་ཟབ་མོ་ལྡན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་མདོ་དབུས་མཐོ་སྒང་གི་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་དམིགས་བསལ་ཐུགས་ཁུར། མཚོ་སྔོན་དང་བོད་ལྗོངས་ཀྱི་ལས་བྱེད་མང་ཚོགས་ཀྱི་ཡིད་ཆེས་དང་མངག་བཅོལ་མཚོན་པར་བྱས་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་མཐོ་ཚད་ནས་ངོས་འཛིན་བྱེད་པ་དང་། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་ཐུན་མོང་ཚོགས་པ་འཛུགས་པའི་ཟུར་སྣེ་ནས་ལྟ་སྟངས་འཛིན་པ། རྒྱལ་ཁབ་ཀྱི་བྱ་བ་ཆེན་པོའི་ཚད་གཞི་ལྟར་རྒྱུས་ལོན་བྱེད་པ། རང་ཞིང་གིས་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཏིང་ཚད་ནས་ལག་བསྟར་བྱེད་པ། དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱེད་པ། གོ་སྐབས་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། བྱ་བའི་སྦྲེལ་མཐུད་བཟང་བོར་བསྒྲུབ་པ། སྟོབས་ཤུགས་ཡོད་རྒུས་ལག་བསྟར་དམ་འཛིན་བྱེད་པ། སྲིད་ཇུས་ཀྱི་བསྡུ་རུབ་ཕན་འབྲས་ཇེ་ཆེར་གཏོང་བ། སྲིད་ཇུས་ཀྱི་ཁེ་ཕན་ཆེར་བསྐྱེད་པ། སྲིད་ཇུས་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་ནས། ཁག་ཁུར་གསར་བ་དང་གྲུབ་འབྲས་གསར་བར་བརྟེན་ནས་མཚོ་སྔོན་གྱི་བྱ་བའི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱི་བསམ་བློ་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་བསམ་བློ་དྲིལ་སྒྲོག་བྱ་བའི་རྣམ་བཤད་གལ་ཆེན་ལག་བསྟར་བྱེད་པའི་སྐོར་གྱི་གྲོས་ཚོགས་གལ་ཆེན་ཡིན་པ་དང་། ཀྲུའུ་ཞི་ཝང་དབྱང་གི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་བར་སྲིད་གྲོས་ཀྱི་བསམ་བློ་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་པའི་ཤེས་རྟོགས་ཀྱི་རྣམ་བཤད་དང་བྱེད་ཐབས་ཀྱི་རྣམ་བཤད། ལག་ལེན་གྱི་རྣམ་བཤད་ཡིན། མི་དམངས་སྲིད་གྲོས་ནི་ཆབ་སྲིད་ཀྱི་རྩ་འཛུགས་ཡིན་པ་དང་། སྲིད་གྲོས་ཨུ་ཡོན་ནི་ཆབ་སྲིད་ཀྱི་ཐོབ་ཐང་ཡིན་ལ། སྲིད་གྲོས་འགན་སྒྲུབ་ནི་ཆབ་སྲིད་ཀྱི་བྱ་འགུལ་དང་སྲིད་གྲོས་ཀྱི་བསམ་བློ་དྲིལ་སྒྲོག་བྱ་བ་ནི་ཆབ་སྲིད་ཀྱི་བྱ་བ་ཡིན་པས། ཆབ་སྲིད་གླེང་བའི་མཐོ་ཚད་དུ་འགྲེང་ནས་སྲིད་གྲོས་ཀྱི་བསམ་བློ་དྲིལ་སྒྲོག་བྱ་བར་སྐུལ་འདེད་གཏོང་བ་དང་། སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་ཆབ་སྲིད་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། མི་སེམས་གཅིག་ཏུ་བསྡུ་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུ་རྒྱུ་དེ་ཤུགས་འདོན་ས་རུ་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་བཤད་པ། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་གཏམ་རྒྱུད་བཤད་པ། དུས་རབས་གསར་བའི་མཚོ་སྔོན་སྲིད་གྲོས་ཀྱི་གཏམ་རྒྱུད་བཤད་པ། སྲིད་གྲོས་རྩ་འཛུགས་ཀྱི་ཤན་ཤུགས་ཇེ་དྲག་ཏུ་གཏོང་བ། སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པའི་བསམ་བློ་དྲིལ་སྒྲོག་བྱ་བའི་མཚོན་རྟགས་བསྐྲུན་པ་དང་། དུས་རབས་གསར་བའི་མཚོ་སྔོན་གྱི་སྲིད་གྲོས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འགོ་ཁྲིད་དང་པོ་དང་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བརྡ་རྟགས་མངོན་གསལ་ཡིན་པས། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ནན་མོ་བྱེད་པ་དང་། འགོ་ཁྲིད་དང་པོའི་མིག་དཔེ་ནུས་པ་འདོན་སྤེལ་བྱེད་པ། ཚན་ཁག་དམ་འཛིན་དང་དཔུང་སྡེ་ལ་སྣེ་ཁྲིད་བྱེད་པ། ལག་བསྟར་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ལག་བསྟར་བྱས་ནས། གཙོ་གཞི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས། ཁྱོན་ཡོངས་ནས་སྤྱི་སྡོམ་བྱེད་པ་དང་སྐོར་ཐེངས་དང་པོའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་ཉམས་མྱོང་བྱེད་ཐབས་ལ་དཔེ་ལྟ་བྱེད་པ། སྐོར་ཐེངས་གཉིས་པའི་སློབ་གསོ་དག་ཐེར་བརྟན་བརླིང་ངང་སྤེལ་བར་སྐུལ་འདེད་གཏོང་བ། སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲིད་ཁྲིམས་བྱ་བ་བཟང་བོར་བསྒྲུབ་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། བློ་དཀར་དག་གཙང་དང་ཁག་ཁུར་ལྡན་པའི་སྲིད་ཁྲིམས་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། མུ་མཐུད་དུ་ཏང་ཨུའི་ལྟ་ཞིབ་བྱ་བའི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆབ་སྲིད་ཀྱི་ལྟ་ཞིབ་གནས་ཐིག་གཏན་ཁེལ་འབུར་དུ་ཐོན་པར་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཆེན་པོ་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཟླ་བདུན་པའི་ཟླ་སྨད་དུ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་བསྡུ་རྒྱུ་ཐག་བཅད།

ཚོགས་ཐོག་ནས་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཅང་སུའུ་དང་ཀྲེ་ཅང་དུ་ལྟ་ཞིབ་སློབ་སྦྱོང་དུ་སོང་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩིས་བཤེར་བྱ་བའི་འཕེལ་རྒྱས་འཆར་འགོད་སོགས་ལ་གྲོས་ཞིབ་བྱས་ལ། བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།