ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། མཉམ་འབྲེལ་དྲ་རྒྱའི་སྟེགས་བུའི་དཔལ་འབྱོར་ཚད་ལྡན་དང་སྐྱོན་བྲལ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྨ་སྟོད་ལྔ་བའི་ཉེར་གཉིས་ཉིན་གྱི་ས་ཡོམ་གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་འཛུགས། འབྲི་ཆུའི་བཞུར་ཁོངས་མཚོ་སྔོན་ཕྱོགས་ཀྱི་ཉ་འཛིན་བཀག་འགོག་ཁྲིམས་སྐྱོང་སོགས་ཀྱི་དོན་དག་ལ་ཞིབ་འཇུག་བྱས་ཤིང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་བྱ་བར་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་བསྟན་དོན། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་ནང་དོན་གཙོ་བོ་ཡིན་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། ཉིས་སྟོང་བཅོ་ལྔ་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལག་བསྟར་རྩ་གནད་ཁྱོན་ཡོངས་ནས་དངོས་འབེབས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཏང་གིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་མགོ་ཁྲིད་པར་ཤུགས་བསྣན་ཏེ། དམིགས་འབེན་ཁ་ཕྱོགས་གཏན་འཁེལ་གསལ་བོ་བྱེད་པ་དང་། ཞན་ཆ་ཁ་གསབ་བྱེད་དགོས་ལ། འགན་འཁྲི་དངོས་འབེབས་ནུས་པ་ཇེ་ཆེར་གཏོང་བ་དང་། ཧུར་ཐག་སྒོས་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་པ་དང་ཁྲིམས་ལྟར་སྲིད་འཛིན་པའི་སྲིད་གཞུང་བཅོས་སྐྱོང་མ་ལག་གསར་སྐྲུན་བྱས་ནས། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་བྱ་བའི་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། རྨ་སྟོད་ལྔ་བའི་ཉེར་གཉིས་ཉིན་གྱི་ས་ཡོམ་གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ཏེ། གནོད་ཐེབས་གྱོང་གུད་ལ་གནད་འཁེལ་དཔྱད་ཞིབ་བྱེད་པའི་རྨང་གཞིའི་སྟེང་། ཚན་རིག་དང་མཐུན་པར་གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་འཆར་འགོད་ཇུས་གཞི་གཏན་འཁེལ་བྱེད་དགོས། དམངས་ཚིས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། བར་བརྒལ་རང་བཞིན་གྱི་སྡོད་ཁང་བཀོད་སྒྲིག་འཛུགས་སྐྲུན་བྱེད་པ་དེ་ལས་འགན་དང་པོར་བཞག་ནས། ས་གནས་མང་ཚོགས་ཀྱི་ད་ལོའི་དགུན་ཁའི་དྲོད་འདོན་ནུས་པ་འགན་སྲུང་བྱེད་དགོས། འབྲེལ་མཐུད་ལ་ཤུགས་སྣོན་དང་གཞོགས་འདེགས་དམ་པོ་བྱེད་པ་དང་། ཧུར་ཐག་སྒོས་ཕྱོགས་སོ་སོའི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས། སྤུས་ཚད་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག མགྱོགས་མྱུར་སྒོས་སླར་གསོ་བསྐྱར་འཛུགས་བྱེད་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། མཉམ་འབྲེལ་དྲ་རྒྱའི་སྟེགས་བུའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་གསལ་བོར་ཤེས་པར་བྱེད་པ་དང་། འཕེལ་རྒྱས་དང་ཚད་ལྡན་མཉམ་འཛིན་བྱེད་པ་དང་ནང་འདྲེན་དང་གསོ་སྐྱོང་མཉམ་སྤྱོད་བྱེད་པ། མཁྲེགས་ཆས་དང་མཉེན་ཆས་མཉམ་འཛུགས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། མཚོ་སྔོན་གྱི་དོན་དངོས་ལ་རྐང་བཙུགས་ཏེ་འཕེལ་རྒྱས་ཀྱི་ཆོས་ཉིད་གསལ་བོར་ཤེས་པར་བྱེད་པ་དང་། ཁོར་ཡུག་ལེགས་པོ་གསར་སྐྲུན་བྱེད་པར་མ་ཟད། མཉམ་འབྲེལ་དྲ་རྒྱའི་སྟེགས་བུའི་དཔལ་འབྱོར་སྔར་ལས་ཚད་ལྡན་དང་སྔར་ལས་སྤུས་ཚད་མཐོ་བར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། ངོས་ཟིན་སྔར་ལས་མཐོར་འདེགས་སུ་བཏང་སྟེ། འབྲི་ཆུའི་ཉ་འཛིན་བཀག་འགོག་བྱ་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་མཁན་དང་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་སྐོར་གྱི་རེ་བ་གལ་ཆེན་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱེ་བྲག་བྱེད་ཐབས་སུ་བརྩིས་ཏེ། རྐྱེན་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆེད་དོན་དག་ཐེར་དང་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་ནས། འབྲི་ཆུའི་མགོ་ཁུངས་ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། དེང་སྐབས་གནས་སྐོར་དུ་འགྲོ་མཁན་མང་བ་དང་བྱ་འགུལ་ཆེན་པོ་སྤེལ་རྒྱུ་ཇེ་མང་ལ་སོང་བ་དང་བསྟུན་ནས། ཕྱི་ཡོང་མི་སྣ་ཇེ་མང་དུ་འགྲོ་བཞིན་ཡོད་པས་རིམས་ནད་འགོག་སྲུང་བྱ་བར་མཐོང་ཆུང་བྱེད་མི་རུང་། རྒྱུན་མཐུད་སྒོས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་ལ་ཤུགས་བསྣན་ཏེ། མི་འདུ་ས་དང་ཚོགས་ར། ལས་ཁུངས་དང་འགག་སྒོ་སོགས་ཀྱི་རིམས་འགོག་བྱ་བར་ཤུགས་སྣོན་པ་དང་། འཕྲལ་བསྟུན་ཐག་གཅོད་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་ལ། འགོག་སྨན་བརྒྱག་པའི་བྱ་བ་དམ་འཛིན་བྱེད་པ་དང་། ཐོབ་དཀའ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པར་མ་ཟད། རིམས་ནད་འགོག་བཅོས་ཀྱི་ནུས་ལྡན་སྒྲིབ་དངོས་འཛུགས་དགོས་ཟེར།
བཀྲ་ཤིས་འབུམ་གྱིས་བསྒྱུར།