ཞིན་ཁྲང་ཞིང་གིས་སྟོན་ཀའི་སློབ་འགོ་རྩོམ་པའི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས།
2021.08.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྟོན་ཀའི་སློབ་འགོ་རྩོམ་པའི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་ལ་མི་སྐྱེད་སྲིང་བྱེད་པ་དང་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། ཀུན་སྤྱོད་འཛུགས་པ་དང་མི་སྐྱོང་བའི་རྩ་བའི་ལས་འགན་ལག་བསྟར་བཟང་བོ་བྱེད་པ། འདས་སོང་རྒྱུན་འཛིན་དང་མིག་སྔར་ལ་རྐང་འཛུགས་པ། མ་འོངས་པར་ཁ་ཕྱོགས་ནས། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་སློབ་གསོ་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཞིན་ཁྲང་ཞིང་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་ཏུའུ་ཐའེ་སློབ་ཆུང་དང་མཚོ་སྔོན་ཞིང་ཆེན་སན་མའོ་བྱིས་གཉོར་ཁང་། ཟི་ལིང་གྲོང་ཁྱེར་སློབ་འབྲིང་བདུན་པའི་ཝུན་པའོ་སློབ་ཁུལ་བཅས་ལ་སོང་ནས། སློབ་གྲྭའི་བདེ་ཐང་ལྟ་ཞིབ་ཁང་དང་ཉིན་དགུང་གི་ངལ་གསོ་ཁང་། ཟ་ཁང་། སློབ་ཁང་། སྒྱུ་རྩལ་ལུས་རྩལ་ལྟེ་གནས། ཚོད་ལྟ་ཐོག་ཁང་སོགས་ལ་ལྟ་ཞིབ་བྱས་པ་དང་། དྲོད་འཇལ་དུག་སེལ་དང་རིམས་འགོག་དངོས་ཟོག་ཉར་གསོག གཉིས་འཕྲི་སྲིད་ཇུས་ལག་བསྟར་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། སློབ་གྲྭ་སོགས་དམིགས་བསལ་ཡུལ་གནས་ཀྱི་རིམས་ནད་ཚོད་འགོག་ཐད་ནས་རྒྱུན་ལྡན་དོ་དམ་དང་ཚོད་འཛིན་བྱེད་པའི་རྨང་གཞིའི་སྟེང་སྔར་ལས་གཟབ་ནན་བྱེད་པ་དང་གནད་ཕིགས་ཤུགས་འདོན་བྱེད་པར་དོ་སྣང་བྱེད་པ། ཞིང་ཆེན་ཕྱི་ནས་མཚོ་སྔོན་དུ་ལོག་པའི་དགེ་སློབ་ཀྱི་བདེ་ཐང་ཨང་ཏར་ལ་བརྟག་དཔྱད་བྱེད་པ་དང་ཕྱིར་བགྲོད་ཨང་ཏར། ཉིང་སྐྱུར་བརྟག་དཔྱད་སོགས་བྱ་བ་ནན་མོར་བསྒྲུབ་དགོས། ཇུས་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་འཁྲབ་སྦྱོང་ལ་ཤུགས་བསྣན་ནས། བྲེལ་མྱུར་གནས་ཚུལ་ལ་འཕྲད་སྐབས་དུས་ཚོད་དང་པོའི་ནང་གོ་རིམ་ལྡན་པ་དང་ཚད་ལྡན་པ། ཕན་ལྡན་པའི་སྒོ་ནས་ཐག་གཅོད་པར་ཁག་ཐེག་བྱེད་དགོས་ཟེར།

དེའི་རྗེས། ཞིང་ཆེན་སློབ་གསོ་ཐིན་དུ་བསྡུས་པའི་བཞུགས་མོལ་ཚོགས་འདུ་སྟེང་། ཞིན་ཁྲང་ཞིང་གིས་ཞིང་ཆེན་སློབ་གསོ་ཐིན་གྱི་འགན་ཁུར་བློ་མཐུན་གྱི་གནས་ཚུལ་སྙན་ཞུ་ལ་ཉན་རྗེས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་སློབ་གསོ་གཙོར་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་པ་དང་། མིའི་འབྲེལ་འདྲིས་ཐད་དངུལ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། ཀུན་སྤྱོད་འཛུགས་པ་དང་མི་སྐྱེད་སྲིང་བྱས་ནས་མཚོ་སྔོན་གྱི་ཁྱད་ཆོས་གྲུབ་པར་བྱས་པས། སློབ་གསོ་ཁྱབ་གདལ་ཆུ་ཚད་ཇེ་མཐོར་སོང་བ་དང་། ཤེས་ལྡན་མི་སྣའི་སྐྱེད་སྲིང་ནུས་པ་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་ལ། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ཐད་ནས་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། སློབ་གསོ་བཅོས་བསྒྱུར་བརྟན་བརླིང་ངང་སྤེལ་ལ། སློབ་གསོ་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད། ངས་འདི་ནས་ཞིང་ཆེན་ཡོངས་ཀྱི་སློབ་གསོ་བྱ་བ་སྒྲུབ་མཁན་ཚོར་འཚམས་འདྲི་དང་བཀའ་དྲིན་ཞུས་པ་ཡིན་ཟེར།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སློབ་གསོ་ནི་ཡུན་རིང་ལ་ཕན་པའི་ལས་དོན་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མི་སྐྱོང་བའི་གཙོ་ཐིག་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སློབ་གསོ་ལྟ་བ་འཛུགས་པ། ཀུན་སྤྱོད་འཛུགས་པ་དང་མི་སྐྱོང་རྒྱུ་དེ་སློབ་གྲྭའི་བྱ་བ་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཏེ། ཧུར་ཐག་གིས་ཁྱོན་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་འཛུགས་པའི་རེ་བ་བསམ་བློ་ཀུན་སྤྱོད་སློབ་གསོ་དང་རིག་གནས་ཤེས་བྱ་སློབ་གསོ། སྤྱི་ཚོགས་ལག་ལེན་སློབ་གསོ་བཅས་ཀྱི་ཕྱོགས་སོ་སོའི་ཁྲོད་འདྲེས་པར་བྱེད་པ། སྐྱིད་སྡུག་མཉམ་མྱོང་དང་གཟི་བརྗིད་དང་བརྙས་བཅོས་མཉམ་མྱོང་གི་ཐུན་མོང་ཚོགས་པའི་འདུ་ཤེས་གྲུབ་པར་སྣེ་ཁྲིད་བྱེད་དགོས། འཕྲི་གཉིས་བྱ་བ་དེ་དམངས་ཚིས་བཟོ་སྐྲུན་གལ་ཆེན་དུ་བརྩི་བ་དང་། འོས་འགན་སློབ་གསོ་དུས་རིམ་གྱི་སློབ་མའི་ལས་བྱ་ཇེ་ཉུང་དུ་གཏོང་བ་དང་སློབ་ཕྱིའི་གསོ་སྦྱོང་ཁུར་བོ་ཇེ་ཡང་དུ་གཏོང་བའི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། སློབ་གསོ་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས་སོགས་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱས་ཏེ། སེམས་ཤུགས་གཅིག་བསྒྲིལ་གྱིས་སློབ་གསོའི་སྤུས་ཚད་དང་མཁོ་འདོན་དང་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་སོགས་ཕྱོགས་ཀྱི་ཞན་ཆ་ཁ་གསབ་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་སྟོན་ཀའི་སློབ་འགོ་རྩོམ་པའི་སློབ་གསོ་སློབ་ཁྲིད་གྲ་སྒྲིག་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་པ་དང་། རིམས་ནད་འགོག་བཅོས་དང་འགྲིམ་འགྲུལ། མེ་གསོད་མེ་འགོག ཟས་རིགས་གཙང་སྦྲ་སོགས་སློབ་རའི་བདེ་འཇགས་བྱ་བ་དམ་འཛིན་བྱེད་པ། ཟི་ལིང་སློབ་ཆེན་སོགས་བཟོ་སྐྲུན་གཙོ་བོའི་འཛུགས་སྐྲུན་བྱེད་པ། ས་བཞི་འཛུགས་སྐྲུན་ལ་དམིགས་ནས་ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བ། མཐོ་རྒྱུགས་སོགས་སློབ་གསོ་བཅོས་བསྒྱུར་སྤེལ་བ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་མཛུབ་སྟོན་དང་ཞབས་ཞུ་སྤེལ་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་སློབ་གསོ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་འགོ་བཟང་བོ་རྩོམ་དགོས་པའི་རེ་བ་བཏོན།

ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་མཉམ་དུ་རྟོག་ཞིབ་བྱས་པ་མ་ཟད་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།

རིན་ཆེན་མཚོས་བསྒྱུར།