ཞིན་ཁྲང་ཞིང་གིས་མགོ་ལོག་གི་བྱ་བར་རྟོག་ཞིབ་བྱས།
2021.09.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་དགུ་པའི་ཚེས་གཅིག་ཉིན་ནས་ཚེས་གཉིས་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་ཆ་ཚང་བ་དང་ཡང་དག་པ་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཆུ་དྭངས་རི་ལྗང་ལ་སྲུང་སྐྱོབ་བྱེད་པ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་བྱེད་པ། དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་རྒྱུན་མི་ཆད་པར་གྲུབ་འབྲས་གསར་བ་ལེན་དགོས་ཟེར།

ཞིན་ཁྲང་ཞིང་སྔ་གཞུག་ཏུ་གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ་སྐྱེ་ཁམས་ས་གཤིས་སྲུང་སྐྱོབ་ས་ཚིགས་དང་དར་ལག་རྫོང་སྨར་འབྲིང་ཡུལ་ཚོ་ཚ་རྒན་སྡེ་བ་དང་རྒྱུད་སྨད་གྲོང་རྡལ་གེ་སར་གླིང་ཀར་གཉིས་ལ་སོང་ནས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་དང་རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་། རྨ་ཆུའི་ཆུ་དཔོན་ལམ་ལུགས་ལག་བསྟར་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་བྱ་བ་གལ་ཆེན་ཡིན་པ་དང་། མགོ་ལོག་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཀྱིལ་སྙིང་ས་ཁུལ་དུ་ཆགས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འགན་འཁྲི་སྔར་ལས་ལྕི། ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་འགུལ་སྐྱོད་ཇུས་གཞི་ལག་བསྟར་ཟབ་མོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བཅོས་སྐྱོང་གཉིས་ཟུང་འབྲེལ་བྱེད་པ། རི་ཆུ་ནགས་ཞིང་དང་མཚེའུ། བྱེ་ཐང་། འཁྱག་རོམ་བཅས་མ་ལག་བཅོས་སྐྱོང་བྱེད་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ས་ནག་ཐང་བཅོས་སྐྱོང་བྱེད་པ་སོགས་ཀྱི་ལས་གཞི་འཛུགས་སྐྲུན་བྱེད་པ། ཆུ་དཔོན་གྱི་འགན་འཁྲི་སྔར་ལས་གཏན་ཁེལ་གསལ་བོ་བྱས་ནས། སེམས་ཤུགས་གཅིག་བསྒྲིལ་གྱིས་ཆུ་དྭངས་རི་ལྗང་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཟེར།

གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་མཚོ་སྔོན་ལྔ་གསུམ་དྲུག་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་ཚད་ཡོད་ཀུང་ཟི་དང་པད་མ་རྫོང་བོད་ཇ་ཐོན་ལས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི། མདོག་གསུམ་རིག་གནས་ཐོན་ལས་ར་བ་བཅས་སུ། ཞིན་ཁྲང་ཞིང་གིས་ཁེ་ལས་ཐོན་སྐྱེད་ཚོང་གཉེར་གྱི་གནས་བབ་དང་ཐོན་རྫས་ཉོ་ཚོང་རྣམ་པ། ཐོན་ལས་འཕེལ་རྒྱས་འཆར་འགོད་སོགས་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཁོས་བསྟན་དོན། གྲོང་གསེབ་དར་རྒྱས་གཏོང་ན་ས་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་གནད་འགག་ཡིན་པས། ཁྱད་དུ་འཕགས་པའི་ཐོན་ཁུངས་དགེ་མཚན་བེད་སྤྱོད་གང་ལེགས་བྱེད་པ་དང་། རང་ས་གནས་དང་མཐུན་པའི་ཁྱད་ལྡན་ཐོན་ལས་འཚོལ་ཞིབ་དང་འཕེལ་རྒྱས་སུ་གཏོང་བ། ཚན་རྩལ་འདེགས་སྐྱོར་རྒྱུན་མི་ཆད་པར་ཇེ་དྲག་ཏུ་གཏོང་བ། ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་བྱེད་པ། ཐོན་རྫས་ཀྱི་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་བ་དང་ཐོན་ལས་གཞི་ཁྱོན་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ། རོང་འབྲོག་དམངས་ཡོང་འཕར་ཕྱུག་བསྒྱུར་བྱེད་པར་སྣེ་ཁྲིད་བྱས་ཏེ། ཧུར་ཐག་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པའི་ཐད་ནས་ལམ་བུ་གསར་བ་བཏོད་དགོས་ཟེར།

པད་མ་རྫོང་དམར་དམག་ལུང་བའི་གསར་བརྗེ་སློབ་གསོ་རྟེན་གཞི་དུ། ཞིན་ཁྲང་ཞིང་གིས་རྟེན་གཞི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་ལ་ཉན། ཁོས་བཤད་རྒྱུར། དམར་དམག་ལུང་བས་དམར་དམག་རྒྱང་བསྐྱོད་བྱེད་སྐབས་མཚོ་སྔོན་བརྒྱུད་པའི་ལོ་རྒྱུས་བདེན་དཔང་བྱས་ལ། ཤན་ཤུགས་ཧ་ཅང་ཆེ། སྔོན་ཆད་ཀྱི་རྣམ་པ་རྒྱུན་སྲུང་བྱེད་པར་དོ་སྣང་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་གསོ་ལ་ཟུང་འབྲེལ་བྱེད་པ། དམར་མདོག་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ། དམར་མདོག་སྲོལ་རྒྱུན་དར་སྤེལ་བཟང་བོ་བྱེད་པ། དམར་མདོག་གི་གཞི་རྒྱུད་རྒྱུན་འཛིན་བྱེད་པ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱས་ཏེ། དུས་རབས་གསར་བའི་རྒྱང་བསྐྱོད་ལམ་བུ་རུ་བསྐྱོད་དགོས།

རྟོག་ཞིབ་བྱེད་སྐབས། ཞིན་ཁྲང་ཞིང་ད་དུང་དར་ལག་རྫོང་སྨར་འབྲིང་ཡུལ་ཚོ་ཚ་རྒན་སྡེ་བར་སོང་ནས་ས་འགུལ་རྗེས་ཀྱི་མང་ཚོགས་ཀྱི་སྡོད་ཁང་ཞིག་གསོ་སྲ་གཏོང་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། མགོ་ལོག་ཁུལ་གྱི་འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་ཉན། ཁོས་ནན་གྱིས་བསྟན་དོན། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཞིག་གསོ་སྲ་གཏོང་བྱེད་རྒྱུ་དེ་གནོད་ཐེབས་མང་ཚོགས་ཀྱིས་དྲོད་ཁོལ་ལྡན་པའི་དགུན་དུས་རོལ་བར་འབྲེལ་བ་ཡོད་པ་དང་། ད་ལོར་ངེས་པར་དུ་ཡོངས་འགྲུབ་བྱེད་དགོས་པའི་སླར་གསོ་བསྐྱར་འཛུགས་ལས་འགན་གྲས་ཀྱི་གཅིག་ཡིན། གཙོ་གནད་སྲུང་སྐྱོབ་དང་གཞི་རྩར་སྲུང་སྐྱོབ། དམངས་ཚིས་འགན་སྲུང་བྱེད་པའི་རེ་བ་ལྟར། དངོས་ཐོག་བདེན་འཚོལ་དང་ས་བབ་དང་བསྟུན་པ་རྒྱུན་འཁྱོངས་བྱེད་པ་དང་། རོང་འབྲོག་དམངས་ཀྱི་འདོད་བློ་ལ་བརྩི་མཐོང་བྱེད་པ། འཛུགས་སྐྲུན་གྱི་སྤུས་ཚད་ལ་ཁག་ཐེག་བྱེད་པའི་སྔོན་འགྲོ་རུ་བྱེད་པ། བཟོ་སྐྲུན་དུས་སྐབས་དམ་འཛིན་བྱེད་པ། ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ནས། བསྐྱར་འཛུགས་ལས་འགན་ཡོངས་འགྲུབ་བྱེད་དགོས། ཤུགས་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་རོང་འབྲོག་ཁུལ་གྱི་གསང་སྤྱོད་གསར་བརྗེ་བྱས་ཏེ། དམངས་ཚིས་བཟོ་སྐྲུན་གྱིས་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་བྱེད་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།