པེ་ཅིན་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་ཡུས་ཧྲུའུ་ནས་བསྡུས།
2021.09.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་དགུ་བའི་ཚེས་བདུན་ཉིན། པེ་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་ལྟ་ཞིབ་བྱས་པར་མ་ཟད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ནས་པེ་ཅིན་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། པེ་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་གཏམ་བཤད། པེ་ཅིན་གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཝེ་ཞོ་ཏུང་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གཉིས་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། པེ་ཅིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཚུའེ་ཧྲུའུ་ཆང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གཉིས་ཀྱིས་སོ་སོར་པེ་ཅིན་དང་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རོགས་སྐྱོར་རོགས་ཐོབ་གནས་ཚུལ་ངོ་སྤྲོད་བྱས། པེ་ཅིན་གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཅཱ་མེན་དང་ལུའུ་ཡན། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཐིན་ཅཱ་ཚེ་དང་ཁོང་ཡུང་བཅས་ཚོགས་འདུར་ཞུགས།

ཚའེ་ཆི་ཡིས་བསྟན་དོན། མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་གལ་ཆེན་དང་། རྒྱལ་ཁབ་ཀྱི་ཞིན་ཅང་དང་བོད་ཁུལ་གཏན་འཇགས་སུ་གཏོང་བའི་འཐབ་ཇུས་ས་ཆ་གལ་ཆེན། རྒྱུད་གཅིག་ལམ་གཅིག་གི་འདེགས་སྐྱོར་ས་ཆ་གལ་ཆེན་བཅས་ཡིན་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གཙོ་བོའི་རྗེས་མཐུད་ཉར་གསོག་ས་ཆ་ཡང་ཡིན། ལོ་འདི་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱས་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་ནན་མོ་བྱས་ལ། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་དཀའ་སྤྱད་མདུན་སྐྱོད་བྱེད་པར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་བསྐྲུན། ང་ཚོས་བརྩི་འཇོག་ཡིད་སྨོན་བྱེད་རྒྱུ་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་བོར་པེ་ཅིན་གྱི་འཛུགས་སྐྲུན་འཕེལ་རྒྱས་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། སྤོབས་པ་ཆེ་བའི་ཡུས་ཧྲུའུ་མི་དམངས་ལ་དད་གུས་ཞུས་པ་ཡིན་ཟེར།

ཚའེ་ཆི་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་མཚོ་སྔོན་གྱི་བྱ་བའི་ཐད་མཆན་བཀོད་མཛུབ་སྟོན་གནང་བ་དང་། བདུན་གཅིག་སྔ་ནུབ་ཏུ་ཆེད་དུ་མཚོ་སྔོན་ལ་གཟིགས་ཞིབ་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། དུས་རབས་གསར་བའི་མཚོ་སྔོན་གྱི་བྱ་བ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་པེ་ཅིན་གྱི་འགན་འཁྲི་དང་ཡུན་རིང་གི་ལས་འགན་ཡིན་པས། འགོ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། ཚད་གཞི་མཐོན་པོས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། ཡུས་ཧྲུའུ་ཡི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཚའེ་ཆི་ཡིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་ཡིན་པས། སྐྱེ་ཁམས་སྲུང་སྐྱོབ་དེ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་གོ་གནས་གལ་ཆེན་དུ་འཇོག་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཉམ་ལས་ལས་གཞི་སྐོར་ཞིག་ལག་བསྟར་བྱས་ཏེ། སའི་གོ་ལའི་གླིང་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་ན། ཡུས་ཧྲུའུ་ཡིས་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། རྒྱུན་འཁྱོངས་གསུམ་དང་མི་ཕུད་པ་བཞི་ཡི་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། མ་དངུལ་དང་ལས་གཞི། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་རོགས་སྐྱོར་བྱ་བར་གཅིག་གྱུར་འཆར་འགོད་བྱེད་དགོས། ཐོན་ལས་ལས་ཞུགས་རོགས་སྐྱོར་གཙོར་བཟུང་ནས་དམ་འཛིན་བྱེད་པ་དང་། པེ་ཅིན་གྱི་ཁེ་ལས་ཡུས་ཧྲུའུ་རུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་སྣེ་ཁྲིད་བྱེད་པ། དཔྱིད་རླུང་འགུལ་སྐྱོད་མུ་མཐུད་དུ་སྤེལ་ནས། ལས་རྐང་གཏན་འཇགས་དང་ལས་ཞུགས་བྱ་བ་བཟང་བོར་བསྒྲུབ་དགོས། ཚན་ཆུང་རང་བཞིན་གྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་མངག་གཏོང་རྒྱུན་མཐུད་ངང་ལག་བསྟར་བྱེད་པ་དང་། ས་དེའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་དགོས། འཛད་སྤྱོད་རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་བ་དང་། ཡུས་ཧྲུའུ་ཡི་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་འཕེལ་རྒྱས་སུ་བཏང་སྟེ། དབུལ་ཐར་མི་གྲངས་ཀྱི་ཡོང་སྒོ་རྒྱུན་མཐུད་ངང་ཇེ་མང་དུ་གཏོང་བར་སྣེ་ཁྲིད་བྱེད་དགོས། གྲོང་གསེབ་དར་སྤེལ་དཔེ་སྟོན་ཞིང་ཆེན་རོགས་སྐྱོར་ལས་གཞི་སྐོར་ཞིག་འཆར་འགོད་དང་ལག་བསྟར་བྱས་ནས། ཡུས་ཧྲུའུ་ཡིས་གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཚའེ་ཆི་ཡིས་ནན་གྱིས་བསྟན་དོན། ཁྱབ་ཁོངས་མང་པོའི་ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། པེ་ཅིན་གྱི་ཚན་རྩལ་དང་ཤེས་ལྡན་མི་སྣ་སོགས་ཀྱི་དགེ་མཚན་དང་མཚོ་སྔོན་གྱི་སྐྱེ་ཁམས་དགེ་མཚན། མཐོ་སྒང་གི་ཐོན་ཁུངས་དགེ་མཚན་བཅས་ཟུང་འབྲེལ་བྱས་ཏེ། ཁྱད་ལྡན་ཐོན་ལས་སྐོར་ཞིག་འཕེལ་རྒྱས་སུ་གཏོང་དགོས། ཐཱན་ཉུང་འདོན་དང་ཐཱན་སྙོམས་སྦྱོར། ལྗང་མདོག་ནུས་ཁུངས་འགན་སྲུང་། རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་སོགས་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། མི་རིགས་འགྲོ་འོང་བརྗེ་རེས་མཉམ་བསྲེས་ལ་ཤུགས་སྣོན་ན། མི་རིགས་བྱ་བ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཁྲོད་ཁྱབ་པར་བྱེད་པ་དང་། ས་ཆ་གཉིས་ཀྱི་འགྲོ་འོང་བརྗེ་རེས་ཀྱི་གཏིང་ཚད་དང་ཁྱབ་རྒྱ་ཆེར་གཏོང་དགོས། མི་རིགས་ཁྱིམ་གཞི་གཅིག་སོགས་ཀྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། རིགས་སོ་སོའི་མང་ཚོགས་བར་གྱི་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་པེ་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ལྟ་ཞིབ་མཛུབ་སྟོན་བྱེད་པར་ཡོང་བར་དགའ་བསུ་ཞུས་པ་དང་། པེ་ཅིན་གྲོང་ཁྱེར་གྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཁ་གཏད་རོགས་སྐྱོར་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་བའི་ནང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཁ་ཕྱོགས་གསལ་བོ་བསྟན་པ་དང་གཞི་འཛིན་ས་འདོན་སྤྲོད་བྱས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་གཟི་བརྗིད་དུས་སྐབས་དང་བརྒྱ་ལོ་གཉིས་ཀྱི་ལོ་རྒྱུས་ཀྱི་བསྣོལ་མཚམས་སུ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་ཡང་དུས་རིམ་གསར་བར་ཞུགས་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ད་ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་མ་ཟད། དངོས་སུ་མཚོ་སྔོན་དུ་ཕེབས་ནས་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་མཛད་པ་དེས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་ཀྱི་འཆར་འགོད་བཟང་བོ་བཀོད། པེ་ཅིན་གྲོང་ཁྱེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྗེས་སུ་འབྲངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་རྒྱུ་དེ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐད་ཀྱི་བྱ་བ་གལ་ཆེན་དུ་བརྩི་བ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གྲུབ་འབྲས་རྒྱ་སྐྱེད་པའི་ནང་དོན་གཙོ་བོར་བརྩི་བ། རྒྱལ་སའི་ཆབ་སྲིད་ཁག་ཁུར་ལ་ང་ཚོས་བརྩི་མཐོང་ཡིད་སྨོན་བྱེད་ཀྱིན་ཡོད་ལ། ང་ཚོས་འཇོན་མིའི་རྗེས་སྙེག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་བསྐྱེད་པའི་ཡིད་ཆེས་དང་ཆོད་སེམས། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱིས་བསྐྱེད་པའི་བློ་སྤོབས་ལ་བརྟེན་ནས་མཚོ་སྔོན་ལ་དགའ་ཞེན་བྱེད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་བཞག་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་མཚོ་སྔོན་ནས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས། གངས་ལྗོངས་མཐོ་སྒང་དུ་ཆགས་པའི་མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ཀྱི་འབྱོར་འབྲིང་མངོན་འགྱུར་བྱས་པ་དང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཇུས་ཆོད་ཀྱི་དྲིན་ལན་བསམ་པ་དང་། པེ་ཅིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཆབ་སྲིད་གླེང་བ་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པའི་འགན་འཁྲི་ཁག་ཁུར་གྱི་དྲིན་ལན་ཡིད་ལ་དམ་པོར་འཛིན་པ། པེ་ཅིན་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ལྷད་མེད་བརྩེ་སེམས་ནམ་ཡང་མི་བརྗེད་པ་བཅས་བྱེད་པ་དང་། ང་ཚོས་ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱུང་བ་དེ་འགོ་ཚུགས་ས་གསར་བ་རུ་བྱས་ནས། མུ་མཐུད་དུ་སྤྱི་ཚོགས་ཡོངས་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་དོན་སྙིང་གལ་ཆེན་དང་ལག་ལེན་གསོན་པོ། གྲུབ་འབྲས་བཟང་བོ་དྲིལ་སྒྲོག་བྱེད་རྒྱུ་ཡིན་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་པེ་ཅིན་གྱི་གཏམ་རྒྱུད་བཟང་བོར་བཤད་དེ། ཀྲུང་ཧྭ་མི་རིགས་གྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་འགུལ་སྐྱོད་དངོས་སུ་བསྒྱུར་རྒྱུ་ཡིན། མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ནས་པེ་ཅིན་གྱི་སྟོབས་ཤུགས་དང་པེ་ཅིན་གྱི་བློ་སྟོབས། པེ་ཅིན་གྱི་བྱས་རྗེས་འདུ་ལ། པེ་ཅིན་གྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་མཐོ་སར་འགྲེང་བ་དང་འཆར་འགོད་བཟང་བོ་བྱས་ཡོད་ལ། དོན་དངོས་བསྒྲུབས་པ་དང་ཡུན་རིང་ཕན་ཡོད་ཀྱི་བྱེད་ཐབས་དེས་ང་ཚོའི་སེམས་ཤུགས་ཆེར་སྐྱེད་པ་དང་། ང་ཚོས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་མཐོར་འདེགས་གཏོང་བ། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་པ། དེང་རབས་ཅན་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བའི་འགུལ་སྐྱོད་དངོས་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རེ་སྒུག་ལ་དྲིན་ལན་འཇལ་བ་དང་། པེ་ཅིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། པེ་ཅིན་མི་དམངས་ཀྱི་བརྩེ་སེམས་ཟབ་མོར་དྲིན་ལན་འཇལ་རྒྱུ་ཡིན་ཟེར།

མཚོ་སྔོན་དུ་ལྟ་ཞིབ་བྱེད་སྐབས། པེ་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ཡུས་ཧྲུའུ་གྲོང་ཁྱེར་བྲག་མགོ་སྡེ་བའི་ཏང་ཡོན་སློབ་གསོའི་རྟེན་གཞི་དཔེ་སྟོན་ལས་གཞི་དང་རིག་སྟོབས་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས། ཡུས་ཧྲུའུ་གནོད་འགོག་རྒུད་སྐྱོབ་རྗེས་དྲན་ཁང་སོགས་ལ་ལྟ་ཞིབ་བྱས་པ་དང་། བྲག་མགོ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་དང་པེ་ཅིན་གྲོང་ཁྱེར་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པར་འཚམས་འདྲི་བྱས།

རིན་ཆེན་མཚོས་བསྒྱུར།