ཞིང་ཆེན་ཡོངས་ཀྱི་དགེ་རྒན་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་འཚོགས་པ་དང་ཝང་ཅན་ཅུན་གྱིས་གཏམ་བཤད།
2021.09.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

དགེ་རྒན་དུས་ཆེན་སོ་བདུན་པ་ཐོན་ལ་ཡོད་པའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་དགེ་རྒན་བྱ་བའི་བཞུགས་མོལ་ཚོགས་འདུ་ཚེས་བརྒྱད་ཉིན་ཟི་ལིང་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་མིན་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ། ཏང་གི་དོན་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་དོན་དུ་འཇོན་མི་གསོ་སྐྱོང་བྱེད་པའི་དགེ་རྒན་དང་སློབ་གསོ་བྱ་བ་སྒྲུབ་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུས་པ་དང་དུས་ཆེན་གྱི་འཚམས་འདྲི་ཞུས་པར་མ་ཟད་རེ་བ་ནན་མོ་བཏོན།

བཞུགས་མོལ་ཚོགས་འདུའི་སྟེང་། ཝང་ཅན་ཅུན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་བརྒྱུད་ཅིང་ཏང་གིས་མགོ་ཁྲིད་པའི་སློབ་གསོའི་ལས་དོན་ཡང་ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་བརྒྱུད་པ་དང་། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་བ། སྟོབས་ལྡན་དུ་གྱུར་བའི་འཕེལ་རིམ་དེ་སློབ་གསོའི་ལས་དོན་གྱི་བྱས་རྗེས་དང་རོགས་འདེགས་དང་འབྲལ་ཐབས་མེད། སློབ་གསོ་ནི་རྒྱལ་ཁབ་ཀྱི་ལས་དོན་ཆེན་པོ་ཡིན་པ་དང་ཏང་གི་ཇུས་གཞི་གལ་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་ཤུགས་ཆེན་པོས་དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྣང་ཚུལ་བཟང་བོ་གསར་སྐྲུན་བྱེད་པ་དང་། ཧུར་ཐག་སྒོས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་སྐྱེད་སྲིང་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། སློབ་གསོའི་ལས་དོན་ནི་མིའི་རིགས་ཀྱི་ཆེས་བླ་ན་མེད་པའི་ལས་དོན་ཡིན་པ་དང་། མིའི་རིགས་ཀྱི་ཆེས་བླ་ན་མེད་པའི་ལས་དོན་གྱི་ཆེད་དུ་འབད་འཐབ་བྱེད་པ་ནི་གཟི་བརྗིད་ལྡན་པས། སློབ་གསོའི་ལས་དོན་ལ་དགའ་བ་དང་དགེ་རྒན་གྱི་ལས་རིགས་ལ་བརྩི་འཇོག་བྱེད་དགོས་ལ། དགེ་རྒན་གྱི་སྤྱོད་བཟང་རྒྱུན་འཁྱོངས་བྱས་ནས། མཚོ་སྔོན་གྱི་སློབ་གསོའི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། རྗེས་མཐུད་ལོ་རྒྱུས་ཁྲོད་དུ་དུས་རབས་ཀྱི་སྲོག་རྩ་གསལ་བོར་ཤེས་པར་བྱེད་པ་དང་། མི་ག་འདྲ་ཞིག་སྐྱེད་སྲིང་བྱེད་པ་དང་མི་ཇི་ལྟར་སྐྱེད་སྲིང་བྱེད་པ། སུའི་ཆེད་དུ་མི་སྐྱེད་སྲིང་བྱེད་པའི་སློབ་གསོའི་ལས་དོན་གྱི་དབྱངས་རྟ་གཙོ་བོར་དམིགས་ཏེ། ཀུན་སྤྱོད་བཟང་བའི་མི་སྐྱེད་སྲིང་བྱེད་པའི་གཞི་རྩའི་ལས་འགན་དངོས་འབེབས་བཟང་བོ་བྱེད་པ་དང་། མི་དམངས་ཡིད་ཚིམས་པའི་སློབ་གསོ་ལེགས་སྒྲུབ་བྱས་ནས། སློབ་གསོ་དུས་རབས་དང་བསྟུན་ནས་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས། ཏང་དང་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་དགེ་རྒན་དང་སློབ་མ། ཁྱིམ་ཚང་བཅས་དང་མཉམ་དུ་ཏང་གི་སློབ་གསོའི་ལས་དོན་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་བཞུགས་མོལ་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲའོ་ཡའོ་ཞ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱང་ཀྲི་ཝུན་བཞུགས་མོལ་ཚོགས་འདུར་ཞུགས།

                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།