མཚོ་སྔོན་ཀྲུང་གོ་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་གྲོས་མོལ་གྲོས་ཚོགས་སྐབས་ཉེར་གཅིག་པར་ཞུགས།
2021.09.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཀྲུང་གོ་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་གྲོས་མོལ་གྲོས་ཚོགས་ཟླ་དགུ་པའི་ཚེས་བརྒྱད་ཉིན་ཞ་མིན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་བསྡུ་འགོ་བརྩམས། མཚོ་སྔོན་བདག་མགྲོན་ཞིང་ཆེན་ཡིན་པའི་ཆ་ནས་བྱ་འགུལ་ལ་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་འགོ་རྩོམ་མཛད་སྒོ་དང2021ལོའི་རྒྱལ་སྤྱིའི་དངུལ་གཏོང་གླེང་སྟེགས་ལ་ཞུགས་པ་མ་ཟད། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་འོག་གི་རྒྱལ་སྤྱིའི་དངུལ་གཏོང་གི་གོ་སྐབས་གསར་བའི་ཚོགས་ཆེན་གྱི་བརྗོད་དོན་ལ་དམིགས་ནས་གཏམ་བཤད་པ་མ་ཟད། ཧྥུའུ་ཅན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཉིན་དང་བཞུགས་མོལ་བརྗེ་རེས་བྱས།

བརྗོད་དོན་འཁྲབ་བཤད་ཁྲོད་ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཀྲུང་གོ་རྒྱལ་སྤྱིའི་དངུལ་གཏོང་གྲོས་མོལ་གྲོས་ཚོགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་འཆར་འགོད་བྱས་ནས་སྐུལ་འདེད་བཏང་བ་དང་། ནམ་ཡང་ཐུགས་ཁུར་བྱེད་པའི་འཛམ་གླིང་ཡོངས་སུ་ཤན་ཤུགས་ཆེན་པོ་ལྡན་པའི་རྒྱལ་སྤྱིའི་དངུལ་གཏོང་སྐུལ་སྤེལ་ཚོགས་ཆེན་གྲས་ཀྱི་གཅིག་ཡིན། མཚོ་སྔོན་གྱིས་རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེན་དང་ས་གཤིས་གོ་གནས། ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་ལ་རྐང་འཛུགས་པ། ཚན་རིག་དང་མཐུན་པའི་སྒོ་ནས་གནས་ཐིག་གཏན་ཁེལ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་རྒྱ་སྐྱེད་པ། ཐཱན་རྩེར་སོན་ཕྱོགས་ནས་སྔོན་དུ་ཚོད་ལྟ་བྱས་ནས། ཧུར་ཐག་གིས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་། དགེ་སྤེལ་སྐྱོན་སྤང་། ལམ་བུ་ཡང་དག་འཚོལ་བ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བཅས་འཛུགས་སྐྲུན་བྱེད་དགོས། ཁྱིམ་མཚེས་ས་ཁུལ་བར་གྱི་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཤར་རྒྱུད་ས་ཁུལ་བར་གྱི་གཉིས་ཕན་མཉམ་ལས་རྒྱ་སྐྱེད་དེ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། ང་ཚོས་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་ཚོས་དངུལ་གཏོང་ཉོ་ཚོང་གྲོས་མོལ་གྲོས་ཚོགས་ཀྱི་གསེར་གྱི་ལྡེའུ་མིག་ཁྱེར་ནས་ཚོང་ལས་ཀྱི་གོ་སྐབས་འཚོལ་བ་དང་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་མཚོ་སྔོན་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་སྐྲུན་མཉམ་སྤྱོད་བྱེད་དགོས་ཟེར།

བཞུགས་མོལ་བྱེད་སྐབས། ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱི་ཚབ་བྱས་ནས་དངུལ་གཏོང་ཉོ་ཚོང་གྲོས་མོལ་གྲོས་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་བདག་མགྲོན་ཞིང་ཆེན་དུ་བྱས་ནས་གྲོས་ཚོགས་ལ་གདན་འདྲེས་ཞུས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཧྥུའུ་ཅན་ལ་ཡོང་ཐེངས་རེ་རེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐད་ཀྱི་ཕྱིར་དྲན་དང་སློབ་སྦྱོང་ཐེངས་གཅིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ཧྥུའུ་ཅན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ཀྱིས་མི་སེམས་འགུལ་བར་བྱེད་ཐུབ། ང་ཚོས་ཡིད་ཆེད་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་། ཧྥུའུ་ཅན་གྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོར་སློབ་སྦྱོང་དང་དཔེ་ལྟ་བྱས་ནས། ཧུར་ཐག་གིས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་བཏོད་དགོས། ཞིང་ཆེན་གཉིས་ཀྱིས་བརྗེ་རེས་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཉིན་གྱིས་མཚོ་སྔོན་ཡང་བསྐྱར་བདག་མགྲོན་ཞིང་ཆེན་བྱས་ནས་དངུལ་གཏོང་ཉོ་ཚོང་གྲོས་མོལ་གྲོས་ཚོགས་ལ་ཞུགས་པར་བཀའ་དྲིན་ཞུས་པ་དང་། མཚོ་སྔོན་གྱིས་ཉེ་བའི་ལོ་འགའི་རིང་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་ཐད་ནས་བླངས་པའི་གྲུབ་འབྲས་ལ་བརྩི་མཐོང་ཡིད་སྨོན་བྱས། ཁོས་བཤད་རྒྱུར། ཧྥུའུ་ཅན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་བཞིན་པའི་སྒང་ཡིན་ལ། ཁྱོན་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐོད་བརྒལ་ལ་སྐུལ་འདེད་གཏོང་དགོས། ཧྥུའུ་ཅན་དང་མཚོ་སྔོན་གྱི་འཕེལ་རྒྱས་ཀྱི་ཁ་གསབ་རང་བཞིན་བཟང་བ་དང་། མཉམ་ལས་ཀྱི་བར་སྟོང་ཧ་ཅང་རྒྱ་ཆེ་བས། ཞིང་ཆེན་གཉིས་ཀྱིས་དར་གོས་ཚོང་ལམ་སྦྲེལ་ཐག་ཏུ་བྱེད་པ་དང་། དངུལ་གཏོང་ཉོ་ཚོང་གྲོས་མོལ་གྲོས་ཚོགས་སོགས་སྟེགས་བུ་ལ་རྒྱབ་རྟེན་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས། དག་གཙང་ནུས་ཁུངས་གསར་སྤེལ་བེད་སྤྱོད་སོགས་ལ་དམིགས་ནས་སྦྲེལ་མཐུད་བརྗེ་རེས་བྱས་ཏེ། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་པ་དང་མཉམ་ལས་ཕན་འབྲས་མཐོར་འདེག་གཏོང་དགོས་ཟེར།

ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གོང་གསལ་གྱི་བྱ་འགུལ་ལ་ཞུགས། ཧྥུའུ་ཅན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀའོ་ཉིན་ཉིན་དང་ཞ་མིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཧོང་ཝུན་ཧུའེ་སོགས་བཞུགས་མོལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།