ཝང་ཅན་ཅུན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་བཞུགས་མོལ་ཚོགས་འདུ་དང་གྲོང་ཁྱེར་དང་རྫོང་གི་ཏང་སྲིད་འགོ་ཁྲིད་གཙོ་བོའི་འགན་ཁུར་མཁན་གྱི་གསོ་སྦྱོང་འཛིན་གྲྭ་གྲོལ་བའི་མཛད་སྒོར་ཞུགས།
2021.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་བཞུགས་མོལ་ཚོགས་འདུ་དང་གྲོང་ཁྱེར་དང་རྫོང་གི་ཏང་སྲིད་འགོ་ཁྲིད་གཙོ་བོའི་འགན་ཁུར་མཁན་གྱི་གསོ་སྦྱོང་འཛིན་གྲྭ་གྲོལ་བའི་མཛད་སྒོར་ཞུགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་ན་གཞོན་དར་མ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྡུ་བའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སློབ་སྦྱོང་ལ་དོ་སྣང་བྱེད་པ། ཆོས་ཉིད་ལ་བརྩི་མཐོང་བྱེད་པ། མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པ། རྩ་དོན་རྒྱུན་འཁྱོངས་བྱེད་པ། བདེན་འཛིན་གསར་གཏོད་བྱེད་པ། བཟང་སྤེལ་རང་གཅུན་བྱེད་པ། ཏང་དང་མི་དམངས་ཀྱི་ཡིད་ཆེས་བརྩོན་ལེན་བྱེད་པ་བཅས་རིན་ཐང་འཚོལ་སྙེག་ཏུ་བྱས་ནས། དུས་རབས་གསར་བའི་མཚོ་སྔོན་འཕེལ་རྒྱས་ཡར་ཐོན་གྱི་རོལ་དབྱངས་གསར་བ་དཀྲོལ་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་། ཡུལ་ཚོའི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཐིན་ཅཱ་ཚེ་དང་ཡུས་ཚུང་ལི། ཁྲིན་རུའེ་ཧྥིན། མཱ་ཝེ་བཅས་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་ཏང་སྲིད་འགོ་ཁྲིད་གཙོ་བོའི་འགན་ཁུར་མཁན་གྱི་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཝང་ལེན་ཧུའུ་དང་ཁུང་ལེན་ཏུང་། ཀརྨ་ཕུན་ཚོགས། ཀྲང་ན་ཅུན། ཐན་ཁྲིན། ཧི་ཧྲིན་ཅེ་བཅས་ཀྱིས་སོ་སོར་གྲོང་ཁྱེར་དང་རྫོང་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོའི་ཚབ་བྱས་ནས། སློབ་སྦྱོང་གསོ་སྦྱོང་གི་གྲུབ་འབྲས་དང་རང་སྟེང་གི་ལས་རྐང་འགན་འཁྲི་ལ་ཟུང་འབྲེལ་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་པ། དམངས་གཙོ་གཅིག་བསྡུས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། ལས་བྱེད་པའི་ཁག་ཁུར་འབད་འཐབ་བྱེད་པར་སྐུལ་སློང་བྱེད་པ། མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་བྱེད་པ། བརྟག་བཤེར་ཞིབ་འཇུག་ལ་ཤུགས་སྣོན་པ་སོགས་ལ་དམིགས་ནས་བརྗེ་རེས་གཏམ་བཤད་བྱས།

གཏམ་བཤད་ལ་ཉན་རྗེས། ཝང་ཅན་ཅུན་གྱིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་ཏང་སྲིད་འགོ་ཁྲིད་གཙོ་བོའི་འགན་ཁུར་མཁན་གྱི་གསོ་སྦྱོང་འཛིན་གྲྭ་དང་གྲོང་ཁྱེར་དང་རྫོང་གི་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ནི། ཞིང་ཆེན་ཏང་ཨུས་གྲོང་ཁྱེར་དང་རྫོང་གི་སྐབས་བརྗེ་མཇུག་རྫོགས་རྗེས་གཙོ་གནད་དམ་འཛིན་བྱེད་པ་དང་ནང་དོན་གཙོ་བོ་འབུར་དུ་ཐོན་པར་བྱེད་པ། རྣམ་པ་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། དུས་ཚོད་དམ་འཛིན་སྒོས་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ཀྱི་བཀོད་སྒྲིག་གལ་ཆེན་ཡིན་ལ། ཚན་ཁག་གསར་བ་དང་ཁག་ཁུར་གསར་བ། གྲུབ་འབྲས་གསར་བ་ལེན་པའི་ཐད་རྨང་གཞི་བརྟན་པོ་བཏིངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་གཞོན་དར་མ་ལས་བྱེད་པའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཚད་ཤིང་དུ་བྱས་ནས། དུས་རབས་གསར་བ་དང་མཚོ་སྔོན་གསར་བ། འཕེལ་རྒྱས་གསར་བའི་སྐབས་ཀྱི་ལག་བསྟར་པ་བྱེད་པ་དང་། དུས་རབས་ལ་ངོ་གནོང་མི་དགོས་པ་དང་མཚོ་སྔོན་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པ། རང་ཉིད་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་བ་བསྐྲུན་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། སློབ་སྦྱོང་བྱེད་པར་མཐོང་ཆེན་བྱེད་དགོས། འགོ་ཁྲིད་ལས་བྱེད་པར་སློབ་གཉེར་བརྒྱུད་རིམ་ཡོད་པ་དང་ཡོན་ཚད་ལྡན་པ་ཧ་ཅང་གལ་ཆེ་ལ། ཤེས་ཡོན་ལྡན་པ་དེ་ལས་ཀྱང་གལ་ཆེ། ཤེས་ཡོན་གྱིས་ཤེས་བྱ་བཀོལ་སྤྱོད་བྱེད་པའི་ཆུ་ཚད་མངོན་ཐུབ། སློབ་སྦྱོང་ལ་དོ་སྣང་བྱེད་ན་ཆེས་གལ་ཆེ་བ་ནི་དགོངས་པ་སློབ་སྦྱོང་དང་ལངས་ཕྱོགས་སློབ་སྦྱོང་། ལྟ་བ་སློབ་སྦྱོང་། བྱེད་ཐབས་སློབ་སྦྱོང་བྱེད་རྒྱུ་དེ་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་ཡིན་པས། ངེས་པར་དུ་ཀླད་པ་གསལ་བོ་བྱེད་དགོས། ཏང་གི་སྒྲིག་ཡིག་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བློ་སྦྱོང་རིག་པ་ཡིན་པས། ངེས་པར་དུ་མཐོང་ཆེན་བྱེད་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྲིད་ཇུས་བྱེད་ཕྱོགས་ནི་འགོ་ཁྲིད་ལས་བྱེད་པའི་ནུས་པ་ཡིན་པས། ངེས་པར་དུ་ཁོང་དུ་ཆུད་པར་བྱེད་དགོས། རྩ་ཁྲིམས་དང་ད་ལྟ་སྤྱོད་བཞིན་པའི་བཅའ་ཁྲིམས་ཁྲིམས་སྲོལ་ནི་འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་ཚད་གཞི་ཡིན་པས། ངེས་པར་དུ་གཞི་འཛིན་ས་རུ་བྱེད་དགོས། མིའི་རིགས་ཀྱིས་གསར་སྐྲུན་བྱས་པ་དང་ལག་ལེན་ལས་ཞིབ་དཔྱད་ཐོབ་པ། དུས་བབ་དང་བསྟུན་ནས་འཕེལ་རྒྱས་སུ་གཏོང་བ། བྱ་བ་དང་འཚོ་བར་ཕན་པ་ཡོད་པའི་སྔོན་ཐོན་གཞུང་ལུགས་དང་ཚན་རིག་ཤེས་བྱ། ཡོངས་སུ་ཁྱབ་པའི་བདེན་ལུགས་ཡོད་ཚད་སློབ་སྦྱོང་བྱས་ཏེ། མི་ཚང་མས་སློབ་སྦྱོང་བྱེད་པ་དང་དུས་ནམ་ཡང་སློབ་སྦྱོང་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། ད་དུང་ཆོས་ཉིད་ལ་བརྩི་མཐོང་དང་མཐུན་སྒྲིལ་སྲུང་སྐྱོབ་བྱེད་པ་དང་། རྩ་དོན་རྒྱུན་འཁྱོངས། བདེན་འཛིན་གསར་གཏོད། སྤྱོད་བརྟེན་རང་གཅུན་བཅས་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་ཚོགས་འདུར་མགོ་འཛིན་བྱེད་སྐབས་ནན་གྱིས་བསྟན་དོན། ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ནི་ལངས་གནས་མཐོར་འདེགས་གཏོང་བ་དང་གཏན་ཤུགས་ཇེ་དྲག་ཏུ་གཏོང་བའི་ཆབ་སྲིད་ཟུར་ཁྲིད་ཐེངས་གཅིག་ཡིན་ལ། ནུས་པ་མཐོར་འདེགས་དང་བསམ་བློ་རྒྱ་སྐྱེད་པའི་གྲོས་མོལ་ཐེངས་གཅིག་ཀྱང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདུན་གཅིག་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སེམས་ཞིབ་མོས་རྒྱུས་ལོན་དང་བརྩེ་སེམས་ལྡན་པའི་སྒོ་ནས་མྱོང་ཚོར་བྱེད་པ། ཤུགས་ཡོད་པའི་སྒོ་ནས་ལག་བསྟར་དམ་འཛིན་བྱེད་པ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ལག་བསྟར་གྱི་ནུས་པ། ཆབ་སྲིད་གོ་རྟོགས་ཀྱི་ནུས་པ་མཐོར་འདེགས་གཏོང་བ། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བའི་སྟེང་གཅིག་གྱུར་བྱེད་པ། བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལས་རྐང་འགན་འཁྲི་ལག་བསྟར་བྱེད་པའི་ཆབ་སྲིད་ནུས་པ་མཐོར་འདེགས་གཏོང་བ། ས་གཅིག་གི་དཔོན་པོ་བྱས་ན་ཕྱོགས་གཅིག་ལ་བདེ་སྐྱིད་སྐྲུན་པའི་འགན་འཁྲི་ཕྲག་ཏུ་ལེན་པ། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་གནས་བཞི་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་ཞུགས་པ། ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།