ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་ཉི་ཤུ་བ་ཚོགས་མགོ་བརྩམས།
2021.09.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་ཉི་ཤུ་བ་ཚོགས་མགོ་བརྩམས་ཏེ། རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་ཉམས་མྱོང་བརྗེ་རེས་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་སྐུལ་སྤེལ་བྱེད་པར་དམིགས་ཏེ་ཆེད་དོན་སྲིད་གླེང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཆེད་དོན་སྙན་ཞུ་ཕུལ་བར་མ་ཟད་རྒྱུན་ལས་ཨུ་ཡོན་རྣམས་དང་བསམ་བློ་བརྗེ་རེས་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཞིན་ཁྲང་ཞིང་གིས་སྙན་ཞུའི་ནང་བཤད་དོན། དབུལ་ཐར་མཁྲེགས་གཏོར་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེ་ལས་དགོངས་པའི་སྟོབས་ཤུགས་ཆེན་པོ་དང་ཆབ་སྲིད་ཀྱི་སྟོབས་ཤུགས་ཆེན་པོ། ལམ་ལུགས་ཀྱི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད། ཀྲུང་གོའི་དབུལ་ཐར་མཁྲེགས་གཏོར་གྱི་བསྡུས་རིས་དང་ཁུངས་སྐྱེལ་དཔེ་མཚོན་ཡིན་པའི་ཆ་ནས་མཚོ་སྔོན་གྱིས་དམིགས་བསལ་གྱི་ཞིང་ཆེན་གནས་ཚུལ་ལ་ཁ་ཕྱོགས་ཏེ། དཀའ་སྤྱད་འབད་བརྩོན་བྱས་པ་དང་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དཀའ་ཁག་གནད་དོན་ཐག་བཅད་པར་མ་ཟད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱས། དེ་ནི་ཞིང་ཆེན་སྲིད་གྲོས་དང་དེ་མིན་ས་གནས་སོ་སོའི་སྲིད་གྲོས་ཀྱིས་བྱ་བ་གང་ལེགས་སྒོས་བསྒྲུབས་པ་དང་འབྲལ་ཐབས་མེད་ཟེར།

ཞིན་ཁྲང་ཞིང་གིས་བཤད་དོན། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་སྐབས། ངེས་པར་དུ་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་བྱ་བའི་གནད་ས་འབུར་དུ་ཐོན་པར་བྱེད་དགོས། ཐོན་ལས་དར་སྤེལ་བྱེད་པར་དམིགས་ཏེ་ལྗང་མདོག་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་ས་ཁུལ་གསར་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ནས། འབྲུ་རིགས་ཐོན་སྐྱེད་དང་ཐོན་ལས་འཕེལ་རྒྱས་འགན་སྲུང་བྱེད་པའི་གཅིག་གྱུར་འཆར་འགོད་ལ་བསམ་གཞིགས་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཐོན་ལས་གསོ་སྐྱོང་དང་འགུལ་སྐྱོད་མཐོར་འདེགས་སུ་གཏོང་བ་ལག་བསྟར་བྱས་ནས། རྟེན་གཞི་འཛུགས་སྐྲུན་དང་གཙོ་གཞི་གསོ་སྐྱོང་བྱེད་པ་དང་ཐོན་རྫས་གྲགས་ཅན་གསར་སྐྲུན་བྱེད་པ། མཉམ་བསྲེས་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་འཚོ་སྡོད་ལ་དམིགས་ཏེ་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་དང་། རྒྱུན་མཐུད་སྒོས་རྫས་འགྱུར་ལུད་དང་ཞིང་སྨན་ཇེ་ཉུང་དུ་གཏོང་བ་དང་ཕན་འབྲས་ཇེ་མཐོར་གཏོང་བའི་འགུལ་སྐྱོད་སྤེལ་ཞིང་ཞིང་སྡེའི་མི་སྡོད་ཁོར་ཡུག་ལ་དག་ཐེར་བཅོས་སྐྱོང་དང་མཐོར་འདེགས་སུ་གཏོང་བའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། རོང་འབྲོག་ཕྱོགས་ཀྱི་རྨང་གཞི་སྒྲིག་ཆས་ཀྱི་ཞན་ཆ་རིམ་བཞིན་ཁ་གསབ་བྱེད་དགོས། བཅོས་སྐྱོང་ནུས་ལྡན་ལ་དམིགས་ཏེ། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ལ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་བ་བཟང་བོར་བསྒྲུབ་པ་དང་། ས་ཆ་གཞན་ནས་དབུལ་སྐྱོར་གནས་སྤོར་བྱེད་པ་སོགས་ཀྱི་རྗེས་མཐུད་དོ་དམ་བྱ་བ་གང་ལེགས་བསྒྲུབ་དགོས། འཚོ་བའི་འབྱོར་ཕྱུག་ལ་དམིགས་ཏེ་རྒྱུན་མཐུད་སྒོས་ཡོང་སྒོ་འཕར་བར་སྐུལ་འདེད་བཏང་ནས། རྒྱ་ཆེའི་ཞིང་བའི་འཚོ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་དགོས་ཟེར།

ཞིན་ཁྲང་ཞིང་གིས་མཇུག་མཐར་བཤད་དོན། སྲིད་གྲོས་ནི་གཡུལ་ས་གཙོ་བོ་དང་སྟེགས་བུ་གཙོ་བོ། ཐབས་ལམ་གཙོ་བོ་བཅས་ཡིན། ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་བློ་མཐུན་སོ་སོ་དང་ཨུ་ཡོན་སོ་སོས་སྔོན་ཆད་དང་འདྲ་བར་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་དང་དེ་མིན་ཁྱབ་ཁོངས་སོ་སོའི་བྱ་བར་ཡིད་འཇོག་དང་རྒྱབ་སྐྱོར་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པ། བློ་འདོན་ཇུས་འབུལ་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཏུའུ་ཅེ། ཀྲང་ཝུན་ཁོའེ། མ་ཧེ་དབྱིན། ཝང་ཞོན་བཅས་གྲོས་ཚོགས་ལ་ཞུགས། ཏུའུ་ཏི་ཀྲི་ཡིས་རྟོག་ཞིབ་གནས་ཚུལ་སྙན་ཞུ་བྱས་པ་དང་བློ་མཐུན་བཞི་ཡིས་ཚོགས་ཆེན་སྟེང་གཏམ་བཤད།

                                                                                             བཀྲ་ཤིས་འབུམ་གྱིས་བསྒྱུར།