མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2021.09.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོ་གྲོས་ཚོགས་ཟླ་དགུ་པའི་ཚེས་ཉེར་བདུན་ཉིན་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་རེ་བ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་མགོ་འཛིན་བྱས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ལས་རིགས་སློབ་གསོ་ནི་སློབ་གསོ་ཐོབ་མཁན་གྱི་མ་འོངས་པའི་ལས་འདེམ་དང་ལས་སྐྲུན། ལས་ཞུགས་ཐད་གྲ་སྒྲིག་བྱས་པའི་སློབ་གསོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐབས་ལམ་གསར་བའི་ཁྲོད། ལས་རིགས་སློབ་གསོའི་མདུན་ལྗོངས་ཧ་ཅང་རྒྱ་ཆེ་བ་དང་ནུས་པ་འདོན་ས་མང་ཞེས་ནན་གྱིས་བསྟན་ཡོད་པ་དང་། མདུན་ལྗོངས་རྒྱ་ཆེ་བ་དང་ནུས་པ་འདོན་ས་མང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཡིད་ཚིམ་པའི་ལས་རིགས་སློབ་གསོ་བསྒྲུབ་པའི་ཐད་བཏོན་པའི་མངག་བཅོལ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ལས་རིགས་སློབ་གསོའི་མཛེས་སྡུག་ལ་བརྟེན་ནས་སློབ་གསོ་ཐོབ་མཁན་གྱིས་མ་འོངས་པའི་མཛེས་སྡུག་གི་འཚོ་བར་རེ་སྒུག་བཅངས་པར་སྣེ་ཁྲིད་བྱེད་དགོས། སློབ་མ་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོ་ཐོབ་མཁན་གྱི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་རིགས་སློབ་གསོ་ལྟ་འཛུགས་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་དང་། ལས་རིགས་སློབ་གསོའི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྤེལ་བ། ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་དུས་རབས་དང་མཐུན་པ་དང་། ཀུན་སྤྱོད་དང་རྩལ་ནུས་གཉིས་འཛོམས་ཀྱི་རིགས་མི་འདྲ་བའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་དང་སྔར་ལས་བཟང་བོ་སྐྱེད་སྲིང་བྱས་ནས། མཚོ་སྔོན་འཛུགས་སྐྲུན་བཟང་བོ་བྱེད་པ་དང་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་ཐད་ཤེས་ལྡན་མི་སྣ་དང་རྩལ་ནུས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

ཞིན་ཁྲང་ཞིང་གིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། རང་ཞིང་གི་ལས་རིགས་སློབ་གསོས་སློབ་སྒྲུབ་གཞི་ཁྱོན་རྒྱ་སྐྱེད་པ་དང་ཆེད་ལས་གྲུབ་ཚུལ་དང་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། ཤེས་ལྡན་མི་སྣའི་སྐྱེད་སྲིང་སྤུས་ཚད་མཐོར་འདེགས་གཏོང་བ། སློབ་ཁྲིད་བཅོས་བསྒྱུར་ཚོད་ལྟ་སྤེལ་བ་སོགས་ཕྱོགས་ནས་གྲུབ་འབྲས་བཟང་བོ་བླངས་པ་དང་། ལས་རིགས་སློབ་གསོས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་མི་ཆད་པར་མཐོར་འདེགས་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་རིགས་སློབ་གསོ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། སློབ་སྒྲུབ་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ། ཀུན་སྤྱོད་འཛུགས་པ་དང་མི་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། རིགས་སྣའི་སློབ་གསོའི་འཐབ་ཇུས་གཏན་ཁེལ་ལ་རྐང་འཛུགས་པ། ནང་དོན་རང་བཞིན་གྱི་འཕེལ་རྒྱས་ལ་དམིགས་པ། སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ་དང་སྒྲིག་གཞི་རྐྱེན་སྲོལ་བཅོས་བསྒྱུར་བྱེད་པ། སློབ་སྒྲུབ་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། སློབ་ཁྲིད་འགན་སྲུང་ཇེ་དྲག་ཏུ་གཏོང་བ་སོགས་ལས་འགན་གཙོ་བོ་དམ་འཛིན་བྱེད་པ། ཐོན་སློབ་མཉམ་བསྲེས་ལ་སྐུལ་འདེད་གཏོབ་དང་སློབ་ཁེ་མཉམ་ལས། མཁོ་འདོན་སྦྲེལ་མཐུད། དགེ་རྒན་དཔུང་སྡེ་མཉམ་འཛུགས། ཤེས་ལྡན་མི་སྣ་མཉམ་སྐྱོང་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱང་ཚད་མཐོ་བའི་ལག་རྩལ་རྩལ་ནུས་འཇོན་མི་དང་ལག་ཤེས་པ། མཚོ་སྔོན་གྱི་བཟོ་སྐྲུན་པ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས།

ཚོགས་ཐོག་ནས། རྒྱལ་ཡོངས་ལས་རིགས་སློབ་གསོ་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། བྱ་བའི་ལམ་ཕྱོགས་གསལ་བོ་བྱེད་པ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས། ཧུར་ཐག་གིས་མཚོ་སྔོན་གྱི་དེང་རབས་ལས་རིགས་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། མཚོ་སྔོན་དེང་རབས་ཅན་འཛུགས་སྐྲུན་ཐད་ཞབས་འདེགས་ཞུ་བ་དང་། རིགས་སྣའི་གནས་ཐིག་གཏན་ཁེལ་ཇེ་ལེགས་སུ་གཏོང་བ། ཐོན་སློབ་མཉམ་བསྲེས་དང་སློབ་ཁེ་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མི་སྐྱོང་རྣམ་པ་དང་སློབ་སྒྲུབ་མ་དཔེ། དོ་དམ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་ལས་རིགས་སློབ་གསོ་མ་ལག་འཛུགས་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ཏུ། ཞིང་ཆེན་ནོར་སྲིད་ཐིན་དང་མཚོ་ལྷོ་ཁུལ་སོགས་ལས་ཁུངས་དང་ས་ཁུལ་གྱིས་བརྗེ་རེས་གཏམ་བཤད་བྱས། ཞིང་ཆེན་སློབ་གསོ་ཐིན་གྱིས་ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། མཚོ་ཤར་བཟོ་ལས་ར་བའི་ཁུལ། ཚྭ་འདམ་གཞོང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་བཅས་དང་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད། འབྲེལ་ཡོད་ལས་རིགས་སློབ་གླིང་བར་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་བཀོད།

རིན་ཆེན་མཚོས་བསྒྱུར།