མཚོ་སྔོན་སློབ་ཆེན་ལ་ཁ་གཏོད་རོགས་སྐྱོར་བྱས་ནས་ལོ་ཉི་ཤུ་འཁོར་བའི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་འཚོགས།
2021.09.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ཉི་ཤུ་འཁོར་བའི་བྱ་བའི་གྲོས་ཚོགས་ཟླ་དགུ་པའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་ཟི་ལིང་ནས་འཚོགས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་དང་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཁ་གཏད་རོགས་སྐྱོར་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་སྤྱི་སྡོམ་བྱས་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཤིས་ཚིག་ཕུལ་བ་མ་ཟད་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ཉི་ཤུའི་རིང་གི་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས། སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུང་ཏིན་ཧྭ་དང་ཆིན་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཞུས་ཀྱིས་གཏམ་བཤད།

ཝང་ཅན་ཅུན་གྱིས་གཏམ་བཤད་སྐབས་བཤད་རྒྱུར། མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དགེ་མཚན་དང་ལམ་ལུགས་དགེ་མཚན་གྱི་མཚོན་བྱེད་ཡིན། མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལོ་ཉི་ཤུའི་རིང་ལ། སློབ་གསོ་པུའུ་དང་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གླིང་སོ་སོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། རྨང་གཞི་འདིང་བ་དང་ཡུན་རིང་ལ་ཕན་པའི་བྱ་བ་མང་པོ་བསྒྲུབས་པས། མཚོ་སྔོན་སློབ་ཆེན་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། སློབ་རའི་ག་ས་གང་དུ་གསོན་ཤུགས་རྒྱས་ཤིང་སྤྲོ་བས་ཁེངས་ཡོད་ལ། ཀུན་སྤྱོད་གཙིགས་སུ་འཛིན་པ་དང་མི་སྐྱོང་བ་འགྲེལ་བཤད་གསལ་བོ་བྱས་ཡོད་པ་དང་། རོགས་སྐྱོར་དང་གྲུབ་འབྲས་མངོན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གི་དྲིན་ལན་མི་བརྗེད་པ་དང་། པུའུ་ཀྲང་ཁྲིན་ཞི་ཡིས་ཐུགས་ཁུར་བྱས་པ་དང་སློབ་གསོ་པུའུ་ཡིས་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བ། རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གླིང་སོ་སོས་སྒེར་མེད་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་ཡིན་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ལོ་བརྒྱའི་སྐྱེས་སྐར་ཡིན་པ་དང་། བརྒྱ་ལོ་གཉིས་ཀྱི་དམིགས་འབེན་སྦྲེལ་མཐུད་བྱེད་པའི་ལོ་ཡང་ཡིན་པ་དང་། སློབ་གསོ་ནི་ལོ་བརྒྱའི་ཇུས་ཆེན་ཡིན་ལ། ང་ཚོའི་དམིགས་འབེན་ནི་མི་སྐྱོང་རྒྱུ་དེ་ཡིན། བརྒྱ་ལོ་བཞི་ནི་ལོ་རྒྱུས་ཀྱི་རྒྱུན་སྲིང་ཡིན་ལ། མདུན་སྐྱོད་ཀྱི་སྐུལ་སློང་དེ་ལས་ཀྱང་ཡིན། ལོ་བརྒྱའི་སྐྱེས་སྐར་ནི་བརྗོད་སྙིང་ཡིན། ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བ་ནི་ད་ལོའི་བྱ་བ་སྣ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ཡིན་པ་དང་། ཁ་གཏད་རོགས་སྐྱོར་ཡང་བརྗོད་དོན་ཁྲོད་ཀྱི་འོས་འགན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་ལོ་རྒྱུས་མེ་ལོང་དུ་བྱེད་པ་དང་མ་འོངས་གསར་སྐྲུན་བྱེད་དགོས་པ་ནན་གྱིས་བསྟན་ཡོད། ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་སྐབས་ཀྱི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས། སློབ་གསོ་སྟེ་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ལ་མཉམ་དུ་གྲོས་སྡུར་བྱེད་པ་དང་། རྒྱལ་ཁབ་ལ་མི་སྐྱོང་བ་དང་ཏང་ལ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་བྱ་བ་བཟང་བོ་སྒྲུབ་པར་མངོན་སུམ་གྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན། ལོ་བརྒྱའི་སྐྱེས་སྐར་གྱི་བརྗོད་སྙིང་གིས་རྒྱུན་སྲིང་དང་འབད་བརྩོན་བྱེད་པའི་ཐད་སྣང་ཚུལ་བཟང་བོ་བསྐྲུན། མཚོ་སྔོན་གྱི་སློབ་གསོ་ལས་དོན་དེ་ཕྱོགས་སོ་སོའི་རོགས་སྐྱོར་དང་རྒྱབ་སྐྱོར་འོག དར་རྒྱས་གོང་འཕེལ་དུ་སོང་བ་དང་། བརྒྱ་ལོ་གཉིས་པའི་དམིགས་འབེན་མངོན་འགྱུར་བྱེད་ན། མཚོ་སྔོན་གྱི་མཐོ་རིམ་སློབ་གསོའི་ལས་དོན་ཐད་ད་དུང་ཚང་མའི་རོགས་སྐྱོར་དང་རྒྱབ་སྐྱོར་དགོས། ལོ་བརྒྱའི་དམིགས་འབེན་གྱི་ཁྲིད་ཕྱོགས་གཙོ་བོས་རྒྱུན་སྲིང་དང་འབད་བརྩོན་ཐད་ཁ་ཕྱོགས་གསལ་བོ་བསྟན། ལོ་བརྒྱའི་ཇུས་ཆེན་ནི་གཙོ་ཐིག་ཡིན་པ་དང་། ལོ་བརྒྱའི་ཇུས་ཆེན་ལས་སློབ་གསོ་གཙོར་འཛིན་དགོས། དེ་རིང་གི་སློབ་གསོ་ནི་སང་ཉིན་གྱི་རྒྱུ་ནོར་ཡིན་པས། ཕྱོགས་སོ་སོས་མཚོ་སྔོན་སློབ་ཆེན་ལ་རོགས་སྐྱོར་བྱེད་པ་དེ་ནི་མཚོ་སྔོན་གྱི་མ་འོངས་པར་རིན་ཐང་མེད་པའི་རྒྱུ་ནོར་གསོག་པ་ཡིན། མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་ནས། ཁྱོན་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུད་འཛིན་པ་སྐྱེད་སྲིང་བྱེད་རྒྱུ་ནི་ལོ་བརྒྱའི་ཇུས་ཆེན་གྱི་གཙོ་ཐིག་ཡིན། ལོ་བརྒྱའི་ཇུས་ཆེན་གྱི་གཙོ་ཐིག་གིས་རྒྱུན་བསྲིང་དང་འབད་འཐབ་ཐད་ཀྱི་ས་མཚམས་དབྱེ་བགོས་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། སློབ་གསོར་དགའ་ཞེན་དང་སློབ་གསོར་ཞིབ་འཇུག སློབ་གསོར་སྣེ་ཁྲིད། སློབ་གསོ་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ། ཧུར་ཐག་གིས་དུས་རབས་གསར་བའི་མཚོ་སྔོན་མཐོ་རིམ་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ལེའུ་ཡག་པོ་འབྲི་དགོས། མི་སྐྱོང་བ་ནི་དམིགས་འབེན་ཡིན་པ་དང་། འགོ་ཚུགས་ས་གསར་བ་རུ་འགྲེང་བ་དང་འཐབ་ལམ་གསར་བའི་འགོ་རྩོམ་པ། གྲུབ་འབྲས་གསར་བ་བསྐྲུན་པ་དང་། སློབ་ཆེན་བཟང་བོ་དང་བསླབ་ཚན་བཟང་བོ་འཛུགས་སྐྲུན་བྱས་ནས། མཐོ་རིམ་སློབ་གསོའི་གོ་དོན་རང་བཞིན་གྱི་འཕེལ་རྒྱས་ནི་དམིགས་འབེན་གཙོ་བོ་ཡིན་པ་མངོན་འགྱུར་བྱེད་དགོས།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། ནུབ་རྒྱུད་ས་ཁུལ་གྱི་མཐོ་རིམ་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཡིན། ལོ་ངོ་ཉི་ཤུའི་རིང་། སློབ་གསོ་པུའུ་དང་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭ་སོ་སོས་མཚོ་སྔོན་སློབ་ཆེན་ལ་གནམ་ས་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་བ་དང་། སློབ་སྒྲུབ་རྨང་གཞི་ཆ་རྐྱེན་མངོན་གསལ་སྒོས་ཇེ་ལེགས་སུ་སོང་བ་དང་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་སོང་ལ། བསླབ་ཚན་དང་ཆེད་ལས་གྲུབ་ཚུལ་ལེགས་སྒྱུར་བྱས་པ་དང་། ཚན་རིག་ཞིབ་འཇུག་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་བཏང་བ་དང་སྤྱི་ཚོགས་ཞབས་ཞུ་ནུས་པ་ཇེ་དྲག་ཏུ་སོང་ལ། ཕྱི་ཕྱོགས་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་དེ། ནུབ་རྒྱུད་ཀྱི་འཕེལ་རྒྱས་སོང་མེད་པའི་ས་ཁུལ་གྱི་མཐོ་རིམ་སློབ་གྲྭའི་མཆོང་བརྒལ་འཕེལ་རྒྱས་ཀྱི་ལམ་བུ་བཏོད། ལོ་ངོ་ཉི་ཤུའི་ཁ་གཏད་རོགས་སྐྱོར་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། ཁ་གཏད་རོགས་སྐྱོར་གྱི་སྲིད་ཇུས་ཕན་འབྲས་དང་རོགས་སྐྱོར་ཕན་འབྲས། སློབ་གྲྭ་སོ་སོའི་ཕན་འབྲས་མཚོ་སྔོན་སློབ་ཆེན་ནས་བརྟག་དཔྱད་གང་ལེགས་ཐོབ་ལ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་ཕན་འབྲས་སྔར་ལས་རྒྱ་ཆེ། ང་ཚོས་ནམ་ཡང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ལས་འགན་དང་མཐོ་སྒང་དུ་གཞི་ཆགས་ནས་ཀྲུང་གོའི་སློབ་ཆེན་བཟང་བོ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཉིས་ཟུང་འབྲེལ་དང་འབྲེལ་མཐུད་བྱེད་པ། མཐོ་རིམ་སློབ་གྲྭའི་ཐོན་ཁུངས་དགེ་མཚན་དང་ཤེས་ལྡན་མི་སྣའི་དགེ་མཚན། སྔོན་ཐོན་ཉམས་མྱོང་ལ་རྒྱབ་བརྟེན་པ། བསླབ་ཚན་འཛུགས་སྐྲུན་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་། བསླབ་ཚན་ཞིབ་འཇུག གྲུབ་འབྲས་བསྒྱུར་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཕྱོགས་ནས་མུ་མཐུད་དུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས།  ཧུར་ཐག་གིས་མཚོ་སྔོན་སློབ་ཆེན་འཛུགས་སྐྲུན་གྱི་ཆུ་ཚད་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གོམ་སྟབས་གསར་བ་བསྒྱུར་བར་སྐུལ་འདེད་གཏོང་དགོས།

ཀྲུང་ཏིན་ཧྭ་ཡིས་བཤད་རྒྱུར། ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་དེ་ཁུལ་ཁོངས་ཀྱི་མཐོ་རིམ་སློབ་གསོ་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་དང་མཐོ་རིམ་སློབ་གྲྭའི་ཞབས་ཞུ་ཁུལ་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བའི་ཕན་ཡོད་བྱེད་ཐབས་ཡིན། ནུབ་རྒྱུད་ས་ཁུལ་གྱི་མཐོ་རིམ་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱེད་པའི་འབུར་ཐོན་གྲུབ་འབྲས་ཁོང་དུ་ཆུད་པར་བྱེད་པ་དང་། ནུབ་རྒྱུད་ས་ཁུལ་གྱི་མཐོ་རིམ་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་ནས། ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ་དང་ནང་དོན་ཇེ་ལེགས་སུ་གཏོང་བ། མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་བརྒྱར་ཡོད་མ་མྱོང་བའི་འགྱུར་ལྡོག་ལ་རྐང་འཛུགས་པ། ནུབ་རྒྱུད་ས་ཁུལ་གྱི་མཐོ་རིམ་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། ཁ་གཏད་རོགས་སྐྱོར་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་དང་། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་དམ་དུ་དམིགས་པ། ཁ་གཏད་རོགས་སྐྱོར་བྱེད་སྟངས་གསར་གཏོད་བྱེད་པ། མཉམ་ལས་འཕེལ་རྒྱས་འབུར་དུ་ཐོན་པར་བྱེད་པ། མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། མཚོ་སྔོན་སློབ་ཆེན་འཕེལ་རྒྱས་སུ་གཏོང་བ་དང་དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གྲྭ་དར་སྤེལ་གཏོང་བ། ནུབ་རྒྱུད་ས་ཁུལ་གསར་སྤེལ་སྒོ་འབྱེད་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཁྲིན་ཞུས་ཀྱིས་བཤད་རྒྱུར། མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་ནི་གཟི་བརྗིད་ཆེ་བའི་འགན་འཁྲི་དང་ཆབ་སྲིད་ལས་འགན་ཡིན་པ་དང་། ཁ་གཏད་རོགས་སྐྱོར་བྱེད་པའི་བརྒྱུད་རིམ་ཁྲོད། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱེད་ཡུལ་ཕྱོགས་གཉིས་བར་མཛའ་བརྩེ་ཟབ་མོ་ཆགས་པ་མ་ཟད། མཉམ་དུ་མཐོར་འདེགས་གཏོང་བ་མངོན་འགྱུར་བྱས། རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭ་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་ནམ་ཡང་ཡིད་ལ་དམ་པོར་བཟུང་ནས། སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཁ་གཏད་རོགས་སྐྱོར་བྱ་བའི་དོན་སྙིང་གལ་ཆེན་ཁོང་དུ་ཆུད་པར་བྱེད་དགོས་ཟེར།

ཚོགས་ཐོག་ཏུ། ཆིན་ཧྭ་སློབ་ཆེན་དང་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན། ཀྲུང་གོའི་ས་གཤིས་སློབ་ཆེན། ཧྭ་ཏུང་རིག་ཚན་བཟོ་ལས་སློབ་ཆེན། པེ་ཅིང་རྫས་འགྱུར་བཟོ་ལས་སློབ་ཆེན་གྱི་འགན་ཁུར་བློ་མཐུན་བཅས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་བ་ངོ་སྤྲོད་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་མགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཆིན་ཧྭ་སློབ་ཆེན་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞི་གྲོས་མཐུན་བཀོད། ཆིན་ཧྭ་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན་དྲུག་གིས་མཚོ་སྔོན་སློབ་ཆེན་བར་ཁ་གཏད་རོགས་སྐྱོར་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གྲོས་མཐུན་དང་ལོ་ཧྲིལ་བོའི་བྱ་བའི་གྲོས་མཐུན་བཀོད། ཞིང་ཆེན་གྱི་འགོ་ཁྲིད་ཡུས་ཚུང་ལི་དང་ཀྲང་ཧོང་ཡོན། ཏུའུ་ཏི་ཀྲི་བཅས་གྲོས་ཚོགས་ལ་ཞུགས།

སློབ་གསོ་པུའུ་ཡི་འབྲེལ་ཡོད་ཟི་དང་ཅུའུ་ཡི་འགན་ཁུར་བློ་མཐུན་དང་། ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་ཆེན་གྱི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག མཐོ་རིམ་སློབ་ཆེན་གྱི་འགན་ཁུར་བློ་མཐུན། མཚོ་སྔོན་སློབ་ཆེན་གྱི་དགེ་སློབ་ཀྱི་འཐུས་ཚབ་བཅས་གྲོས་ཚོགས་ལ་ཞུགས། ཉིན་དེར། གྲོས་ཚོགས་ལ་ཞུགས་པའི་འགོ་ཁྲིད་བློ་མཐུན་ཚོས་མཚོ་སྔོན་སློབ་ཆེན་གྱི་ལོ་རྒྱུས་འགྲེམ་སྟོན་དང་ཁ་གཏད་རོགས་སྐྱོར་གྱི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས།

རིན་ཆེན་མཚོས་བསྒྱུར།