ཞིང་ཆེན་དམངས་ཆེན་གྱི་ལས་བྱེད་པ་དང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གསར་དུ་བསྐོས་པའི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པའི་གསོ་སྦྱོང་འཛིན་གྲྭ་སྐབས་སོ་གཅིག་པ་ཟི་ལིང་ནས་བསྡུས།
2021.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བཅུ་བའི་ཚེས་བརྒྱད་ཉིན། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ལས་བྱེད་པ་དང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གསར་དུ་བསྐོས་པའི་ཀྲུའུ་རིན་གཞོན་པའི་གསོ་སྦྱོང་འཛིན་གྲྭ་སྐབས་སོ་གཅིག་པ་ཞིང་ཆེན་ཏང་གི་སློབ་གྲྭ་ནས་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན་གྱིས་གཏམ་བཤད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་གིས་འཛིན་གྲྭ་བསྒྲུབ་པའི་མཛད་སྒོར་མགོ་འཛིན་བྱས།

ཝུའུ་ཧའེ་ཁུན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་། དམངས་ཆེན་གྱི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་རེ་བ་སྔར་ལས་མཐོན་པོ་བཏོན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་ནི་མིག་སྔར་གྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་ལ། དུས་རབས་གསར་བའི་དམངས་ཆེན་བྱ་བའི་རྩ་བའི་གཞི་འཛིན་ས་དེ་ལས་ཀྱང་ཡིན། སློབ་སྦྱོང་བརྒྱུད་དེ་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་གོ་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་སྔར་ལས་མཐོར་འདེགས་གཏོང་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ཏེ། མཚོ་སྔོན་གསར་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ལེའུ་གསར་བ་འབྲི་བའི་ཐད་བྱས་རྗེས་འཇོག་དགོས་ཟེར།

ཝུའུ་ཧའེ་ཁུན་གྱིས་ནན་གྱིས་བསྟན་དོན། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ་ཡིན་པའི་ཆ་ནས། ངེས་པར་དུ་ནམ་ཡང་ཆབ་སྲིད་གླེང་བ་དང་ཁྲིམས་སྐྱོང་ལ་དོ་སྣང་བྱེད་པ། ཕན་འབྲས་བརྩོན་ལེན་བྱེད་པ་དང་། སློབ་སྦྱོང་གི་ཁྱབ་ཁོངས་རྒྱ་སྐྱེད་དེ། ཁྱོན་ཡོངས་ནས་གཞུང་ལུགས་བློ་སྦྱོང་དང་འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་དགོས། ལས་རྐང་བརྗེ་བ་དང་ལས་སྒོ་ཁོང་དུ་ཆུད་པར་བྱེད་པ། སློབ་སྦྱོང་གི་སྒུལ་ཤུགས་དང་སློབ་སྦྱོང་གི་སེམས་ཤུགས་ཇེ་དྲག་ཏུ་གཏོང་བ། བྱ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལག་ལེན་གྱི་གྲུབ་འབྲས་སུ་བསྒྱུར་དགོས་ཟེར།

ཅཱ་དབྱིན་ཀྲུང་གིས་མགོ་འཛིན་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། མི་དམངས་དམངས་འཐུས་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་ནི། དུས་རབས་གསར་བས་དམངས་ཆེན་བྱ་བར་བཏོན་པའི་རེ་བ་གསར་བ་ཡིན་པས། གསོ་སྦྱོང་དེ་ཡང་བསྐྱར་འབད་བརྩོན་བྱེད་པའི་གོ་སྐབས་བཟང་བོར་བརྩིས་ཏེ། སེམས་ཤུགས་གཅིག་བསྡུས་བྱེད་པ་དང་སློབ་ཁྲིད་ལ་ནན་ཏན་སྒོས་ཉན་ནས། སློབ་སྦྱོང་གི་བསམ་བློ་རང་རྟོགས་དང་ཆབ་སྲིད་རང་རྟོགས། འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། བསམ་གཞིགས་ཟབ་མོ་གཏོང་བ་དང་སྦྱངས་པ་གོ་ཆོད་བྱེད་པ་དང་། སློབ་སྦྱོང་གསོ་སྦྱོང་གི་ནང་དོན་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་དང་བྱ་བ་དངོས་གཉིས་ཟུང་འབྲེལ་བྱེད་པ་དང་བཀོལ་སྤྱོད་བྱེད་པ། རྣམ་འགྱུར་སྔར་ལས་བཟང་བོ་དང་དངོས་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས། དམངས་ཆེན་བྱ་བ་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ལས་བྱེད་པའི་སློབ་གསོ་ཁྲུའུ་ཡི་འགན་ཁུར་མི་སྣ་དང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་དང་ཆུའུ་ཡི་གསར་དུ་བསྐོས་པའི་དམངས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ་བཅས་མི་བཞི་བཅུ་གསོ་སྦྱོང་འཛིན་གྲྭ་བསྒྲུབ་པའི་མཛད་སྒོར་ཞུགས།

རིན་ཆེན་མཚོས་བསྒྱུར།