ཞིན་ཁྲང་ཞིང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་གི་ཁེ་ལས་ལ་འཚམས་འདྲི་བྱས།
2021.10.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་བཅུ་བའི་ཚེས་དགུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་པེ་ཅིན་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་རིག་གནས་དང་གནས་སྐོར་པུའུ། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀུང་ཟི་བཅས་ལ་འཚམས་འདྲི་བྱས་ནས། བརྗེ་རེས་གཏིང་ཟབ་བྱས་པ་དང་། མཉམ་དུ་མཚོ་སྔོན་འཕེལ་རྒྱས་དང་འབྲེལ་བའི་བྱ་བར་གྲོས་སྡུར་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གཉིས་སོ་སོར་འཚམས་འདྲིར་ཞུགས་པར་མ་ཟད་འབྲེལ་ཡོད་བྱ་བའི་སྙན་ཞུ་ཕུལ།

བཞུགས་མོལ་ཚོགས་འདུའི་སྐབས་སུ། ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱི་ཚབ་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་རིག་གནས་གནས་སྐོར་པུའུ། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀུང་ཟི་བཅས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་ཡིན་ཟེར། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་བཞིན་པའི་སྒང་ཡིན་ལ། མཐོ་སྒང་གི་ཆེད་ཡོད་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་འཛུགས་པ། གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ། གནས་བཞི་མྱུར་དུ་འཛུགས་སྐྲུན་བྱས་ཏེ། ཧུར་ཐག་གིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་གི་ཁེ་ལས་ཀྱིས་སྔར་བཞིན་དུ་མཚོ་སྔོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། མཚོ་སྔོན་གྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་དང་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱེད་པ། རྒྱུད་གཅིག་ལམ་གཅིག་ཁྲོད་འདྲེས་པར་བྱེད་པ་སོགས་ཕྱོགས་ནས་མཛུབ་ཁྲིད་དང་རོགས་རམ་སྔར་ལས་མང་པོ་འདོན་སྤྲོད་བྱས་ནས། མཚོ་སྔོན་གྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད་ཟེར།

རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་རིག་གནས་དང་གནས་སྐོར་པུའུ། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀུང་ཟི་བཅས་ཀྱིས་མཚོ་སྔོན་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། རང་ཞིང་གིས་བཏོན་པའི་རེ་བའི་ཐད་ནས་ཕྱིར་ལན་བཏབ་པ་མ་ཟད། མཚོ་སྔོན་གྱི་དམིགས་བསལ་གནས་ཚུལ་ལ་བསམ་གཞིགས་གང་ལེགས་གཏོང་བ་དང་། བརྗེ་རེས་ལ་སྔར་ལས་ཤུགས་སྣོན་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།