མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་ནང་སོག་རང་སྐྱོང་ལྗོངས་ལ་སོང་ནས་སློབ་སྦྱོང་དང་ལྟ་ཞིབ་བྱས།
2021.10.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་ཁྲིད་དེ་ནང་སོག་རང་སྐྱོང་ལྗོངས་ལ་སློབ་སྦྱོང་དང་ལྟ་ཞིབ་བྱེད་པར་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཁྱོན་ཡོངས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ལ། འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། ནང་སོག་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲི་ཐའེ་ཧྥིན་དང་། རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཝང་ལིས་ཞ་གཉིས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། ནང་སོག་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འཐབ་ཇུས་མཉམ་ལས་བཞུགས་མོལ་ཚོགས་འདུ་མཁར་སྔོན་པོ་ནས་བསྡུས། ཧྲི་ཐའེ་ཧྥིན་དང་ཝང་ཅན་ཅུན་གཉིས་ཀྱིས་སོ་སོར་གཏམ་བཤད། ཝང་ལིས་ཞ་དང་ཞིན་ཁྲང་ཞིང་གཉིས་ཀྱིས་སོ་སོར་རང་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། མཉམ་དུ་ཕྱོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞི་གྲོས་མཐུན་བཀོད་པར་བདེན་དཔང་བྱས།

ཧྲི་ཐའེ་ཧྥིན་གྱིས་ནང་སོག་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ནང་སོག་ཏུ་ཡོང་བར་དགའ་བསུ་ཞུས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ལོ་ངོ་མང་པོའི་རིང་ནང་སོག་རང་སྐྱོང་ལྗོངས་ལ་རྒྱབ་སྐྱོབ་བྱས་པར་བཀའ་དྲིན་ཞུས་ལ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་བརྩི་མཐོང་ཡིད་སྨོན་བྱས། ཧྲི་ཐའེ་ཧྥིན་གྱིས་བཤད་རྒྱུར། ནང་སོག་དང་མཚོ་སྔོན་གཉིས་ཀྱི་འབྲེལ་བ་ཧ་ཅང་བཟང་བ་དང། དུས་ཡུན་རིང་བོར་ས་ཆ་གཉིས་ཀྱིས་ཐོན་ལས་འཕེལ་རྒྱས་དང་དཔལ་འབྱོར་ཉོ་ཚོང་འཁོར་རྒྱུག དམངས་ཁྲོད་ཀྱི་འགྲོ་འོང་སོགས་ཕྱོགས་ནས་མཉམ་ལས་བརྗེ་རེས་ཀྱི་འབྲེལ་བ་བཟང་བོ་རྒྱུན་འཁྱོངས་བྱས། འཕེལ་རྒྱས་ཀྱི་དུས་རིམ་གསར་བ་རུ། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པའི་་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཕྱིར་བཏོན་པ་དང་། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ལ། དེས་ས་ཆ་གཉིས་ཀྱིས་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས། ལྷག་པར་དུ་ད་སྔར་ནང་སོག་དང་མཚོ་སྔོན་གཉི་ཀ་ཚུལ་བསྒྱུར་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་སླེབས་པ་དང་། ལྗང་མདོག་འཕེལ་རྒྱས་ནི་ཐུན་མོང་གི་ལས་འགན་ཡིན་ལ། བཅོས་བསྒྱུར་གསར་གཏོད་ནི་ཐུན་མོང་གླེང་གཞི་ཡིན་པ་དང་། ས་གཉིས་ཀྱི་ཁྱོན་ཡོངས་དང་རིམ་པ་མང་བ། ཁྱབ་ཁོངས་ཆེ་བའི་དངོས་གཉེར་མཉམ་ལས་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ལ། མདུན་ལྗོངས་རྒྱ་ཆེ། ནང་སོག་གིས་མཚོ་སྔོན་དང་མཉམ་དུ་ཐེངས་འདིར་བཀོད་པའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་འགོ་ཚུགས་ས་གསར་བ་རུ་བྱེད་པ་དང་། ཐོན་ལས་ཁ་གསབ་དང་མི་སྣ་བརྗེ་རེས། ལག་རྩལ་ཐད་རོགས་རེས་བྱེད་པ། འདུ་ཤེས་བརྗེ་རེས། སྤྱོད་ཚུལ་ཐད་ནས་ཕན་ཚུན་དཔེ་ལྟ་བྱེད་པ་བཅས་ལ་དོ་སྣང་བྱེད་པ། འཕེལ་རྒྱས་ཀྱི་འཆར་འགོད་གལ་ཆེན་དང་འཕེལ་རྒྱས་ཀྱི་སྲིད་ཇུས་གལ་ཆེན། བཟོ་སྐྲུན་ལས་གཞི་གལ་ཆེན་སོགས་ཐད་འབྲེལ་མཐུད་སྔར་ལས་ཇེ་དམ་དུ་གཏོང་བ་དང་། བརྗེ་རེས་ཁྱབ་ཁོངས་རྒྱ་སྐྱེད་པ་དང་མཉམ་ལས་ཀྱི་རིམ་པ་མཐོར་འདེགས་གཏོང་བ། ལྷག་པར་དུ་ནུས་ཁུངས་གསར་བ་དང་སྐྱེ་ཁམས་ཞིང་ཕྱུགས་ལས། རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་། སྒོ་འབྱེད་སྟེགས་བུ་ཁུལ་ཁོངས་བརྒལ་ནས་འཛུགས་སྐྲུན་བྱེད་པ་སོགས་ཕྱོགས་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། སྲིད་གཞུང་དང་དམངས་ཁྲོད་ཀྱི་འགྲོ་འོང་སྟེང་མཉམ་དུ་ཤུགས་བཏོན་ནས། ནུབ་རྒྱུད་ས་ཁུལ་གྱི་ཁུལ་ཁོངས་མཉམ་ལས་དང་དགེ་མཚན་ཁ་གསབ། མཐུན་སྦྱོར་འཕེལ་རྒྱས། གཉིས་ཕན་མཉམ་རྒྱལ་གྱི་དཔེ་གཞི་གསར་བ་བསྐྲུན་འདོད་ཡོད་ཟེར།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་ནང་སོག་རང་སྐྱོང་ལྗོངས་ཀྱིས་ལོ་ངོ་མང་པོའི་རིང་མཚོ་སྔོན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རྨ་ཆུ་ཡིས་ནང་སོག་དང་མཚོ་སྔོན་གཉིས་འབྲེལ་མཐུད་དམ་པོ་བྱས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རླབས་ཆེན་འཆར་གཞི་ཡིས། དུས་རབས་གསར་བའི་ནང་གི་ནང་སོག་དང་མཚོ་སྔོན་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་ཐད་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས། ནང་སོག་དང་མཚོ་སྔོན་གཉི་ཀ་འབྲོག་ཁུལ་ཆེན་པོ་བཞིའི་ཁྲོད་འདུ་ཞིང་མཐོ་སྒང་ཆེན་པོ་བཞི་རུ་ཆགས་ལ། རང་རྒྱལ་གྱི་མི་རིགས་ཞིང་ཆེན་ཆེན་པོ་ཡིན་པ་དང་། རྒྱལ་ཁབ་སྐྱེ་ཁམས་དང་བདེ་འཇགས་ཀྱི་འགོག་ར་བརྟན་པོ་ཡིན་ལ། ས་ཆ་གཉིས་བར་གྱི་འབྲེལ་བ་བཟང་ཞིང་རྒྱུན་རིང་། ཉེ་བའི་ལོ་འགའི་རིང་ལ། ནང་སོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། མེས་རྒྱལ་བྱང་རྒྱུད་ཀྱི་མཐའ་མཚམས་དེ་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ལ། མཛེས་སྡུག་གི་ནང་སོག་འཛུགས་སྐྲུན་བྱས་ནས། རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ལམ་གསར་བའི་སྟེང་འཕེལ་རྒྱས་ཀྱི་ལེའུ་གསར་བ་བྲིས། ང་ཚོས་ནང་སོག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པ་སོགས་ཕྱོགས་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོར་སློབ་སྦྱོང་བྱེད་པ་དང་དཔེ་གཞིར་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་ཆེས་ཆེ་བ་གསུམ་གྱི་ཚན་རིག་གི་གནས་ཐིག་གཏན་ཁེལ་དང་མཚོ་སྔོན་གྱི་བདེ་འཇགས་གསུམ་གྱི་གོ་གནས་སྔར་ལས་མཐོན་པོའི་ཐད་ཀྱི་མངག་བཅོལ་ཡིད་ལ་བརྟན་པོར་བཟུང་ནས། བློ་བརྟན་འགྱུར་མེད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་བཏོད་དགོས། ཕྱོགས་གཉིས་ཀྱིས་ཁུལ་ཁོངས་ཀྱི་བརྗེ་རེས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས། ས་ཁུལ་གཉིས་མཉམ་དུ་འཐབ་ལམ་གསར་བར་ཞུགས་པའི་སྔར་ལས་མཛེས་སྡུག་གི་མ་འོངས་པ་བསྐྲུན་དགོས་ཟེར།

ནང་སོག་ཏུ་ལྟ་ཞིབ་བྱེད་སྐབས། འཐུས་ཚབ་ཚོགས་པས་ནང་སོག་མིན་ཚའོ་སྐྱེ་ཁམས་ཁོར་ཡུག་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟི་ལ་ལྟ་ཞིབ་བྱས་པ་དང་། སོན་ལས་ཚན་རྩལ་དང་སྐྱེ་ཁམས་སླར་གསོ་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས།

ནང་སོག་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲང་ཧྲའོ་ཁྲུན་དང་པའོ་ཀང་། ཏིང་ཞིག་ཧྥིན། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ལིས་ཅེ་ཞང་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།