ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རིག་བྱ་བ་སྒྲུབ་མཁན་རྣམས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2021.10.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རིག་བྱ་བ་སྒྲུབ་མཁན་རྣམས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

འཕྲིན་ཡིག་ནང་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་གྲུབ་འབྲས་བྱ་དགའ་སྟེར་བའི་གྲོས་ཚོགས་སྐབས་དང་པོ་འཚོག་ལ་ཉེ་བའི་སྐབས་སུ། ངེད་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གྲོས་ཚོགས་དང་བྱ་དགའ་ཐོབ་པའི་མི་སྣ་ཡོངས་ལ་རྟེན་འབྲེལ་ཞུ་བ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རིག་བྱ་བ་སྒྲུབ་མཁན་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། རང་ཞིང་གི་ཚན་རིག་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། བབ་བསྟུན་མདུན་སྐྱོད་བྱས་ལ། ཚན་རིག་པའི་སྙིང་སྟོབས་དར་སྤེལ་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་གནས་ཚུལ་དངོས་ལ་དམིགས་ནས། ཚན་རིག་ཞིབ་འཇུག་ལ་ཤུགས་བསྣན་པ་དང་། གསར་གཏོད་གསར་སྐྲུན་བྱེད་རྒྱུའི་དམ་བཅས་ལ། གཞུང་ལུགས་ཞིབ་འཇུག་དང་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་སྐོར་ཞིག་ཕྱིར་བཏོན་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འབུར་དུ་ཐོན་པ་བཞག

ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་རྩོམ་པའི་ལོ་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་འགོ་རྩོམ་པའི་ལོ་དང་པོ་ཡང་ཡིན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རིག་བྱ་བ་སྒྲུབ་མཁན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རིག་ལག་རྩལ་དང་མཚན་ཉིད་རིག་པའི་ཚན་རིག་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། ཚན་རིག་གི་སྙིང་སྟོབས་རྒྱུན་སྐྱོང་བྱེད་པ། ཚན་རིག་གི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། མ་གཞི་མི་བརྗེད་པ་དང་ཕྱི་ནས་ཡོང་བ་བསྡུ་ལེན་བྱེད་པ། མ་འོངས་བར་ཁ་ཕྱོགས་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པ། འཕེལ་རྒྱས་གཏོང་སྟངས་གསར་བའི་ཁྲོད་འདྲེས་པར་བྱེད་པ། མི་དམངས་གཙོར་འཛིན་པའི་ཞིབ་འཇུག་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་འཕེལ་བྱེད་པ་རང་འགན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ། ཚན་རིག་གི་རི་རྩེས་འཛེག་པ། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་དུ་གཏོང་བ། རང་བྱུང་ཚན་རིག་དང་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་བརྟན་བརླིང་ངང་སྤེལ་བ། ཚན་རིག་ཞིབ་འཇུག་གྲུབ་འབྲས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་རྒྱུད་རིམ་ཁྲོད་འབྲི་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་གནས་བཞི་འཛུགས་སྐྲུན་བྱེད་པའི་འཐབ་ལམ་སྟེང་འབྲི་བ། ཏང་དང་མི་དམངས་ལ་སློབ་སྦྱོང་གི་ནང་དོན་དང་རྣམ་འགྱུར་སོགས་ཡར་ཞུ་བྱེད་པ་དང་རང་ཉིད་ཀྱི་བསམ་ཚུལ་གླེང་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་དགོས།

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་དབྱང་གི་ཤེས་ལྡན་མི་སྣ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ནང་འདྲེན། བཀོལ་སྤྱོད་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་པ། སྤྱི་ཚོགས་ཡོངས་སུ་ཤེས་ལྡན་མི་སྣར་མཐོང་ཆེན་དང་ཤེས་ལྡན་མི་སྣར་བརྩི་འཇོག་བྱེད་པ། ཤེས་ལྡན་མི་སྣ་བཀོལ་སྤྱོད་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་པ། རིགས་མི་འདྲ་བའི་ཤེས་ལྡན་མི་སྣར་སྐྱིད་སྣང་དང་ཐོབ་ཚོར་སྔར་ལས་མང་པོ་ཡོད་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་ཤེས་ལྡན་མི་སྣའི་འདེགས་སྐྱོར་ཆེན་པོ་འདོན་སྤྲོད་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།