ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན། མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆ། བརྡ་ཁྱབ་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་གི་མིང་ཐོག་ནས་དམངས་ཆེན་བྱ་བའི་གྲོས་ཚོགས་བསྡུས་པ་ནི་ཏང་གི་ལོ་རྒྱུས་དང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་རྒྱུས་སྟེང་ཐེངས་དང་པོ་ཡིན་པ་དང་། དེ་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དམངས་ཆེན་ལས་དོན་ལ་ཧ་ཅང་མཐོང་ཆེན་གནང་བ་མཚོན་པར་བྱས་ཤིང་། དུས་རབས་གསར་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གོ་གནས་གལ་ཆེན་མངོན་པར་བྱས་པ་དང་། དེ་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་རིགས་གཞུང་། ལག་ལེན་གསར་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བར་འདུ་ཤེས་གསར་པ་དང་དགོངས་པ་གསར་པ། རེ་བ་གསར་པ་རབ་དང་རིམ་པ་བཏོན་ཞིང་དེ་ནི་མར་ཁེ་སི་རིང་ལུགས་ཀྱི་དྲང་བདེན་སྟོབས་ཤུགས་མཚོན་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡི་སྤྱི་བསྡོམས་གསུང་བཤད་ཀྱིས་ང་ཚོས་ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་དེར་གོ་བ་ཟབ་མོ་ལེན་པར་བྱེད་ཐབས་འདོན་སྤྲོད་བྱས་པ་དང་ཐབས་ལམ་གསལ་བོར་བསྟན་ཡོད་ཟེར།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་སོ་གསུམ་པའི་སྟེང་གནང་བའི་གསུང་བཤད་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་མཐོ་ཚད་ནས་ལངས་ཤིང་། འཛམ་གླིང་དུ་ལོ་བརྒྱ་ལ་བྱུང་མ་མྱོང་བའི་སྒྱུར་བཅོས་ཆེན་པོ་དང་ལོ་བརྒྱ་ལ་བྱུང་མ་མྱོང་བའི་རིམས་ནད་ཚབས་ཆེན་གྱི་མཐོ་ཚད་ནས་ལངས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ལངས་པ། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བའི་མཐོ་ཚད་ནས་ལངས་ཏེ། བབ་བསྟུན་མདུན་སྐྱོད་སྒོས་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ཉེན་ཁའི་འགོག་སྲུང་དང་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པར་རེ་བ་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་དོན་ཆེན་གཉིས་ལ་གཅིག་གྱུས་སྒོས་འཆར་འགོད་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་གཏན་འཁེལ་བྱས་པ་དང་རླུང་ཤུགས་གློག་འདོན་རྟེན་གཞི་འཛུགས་སྐྲུན་བྱེད་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་དགོས་ལ། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་མྱུར་དུ་གསར་སྐྲུན་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་དང་དག་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། སའི་གོ་ལའི་ཚེ་སྲོག་ཐུན་མོང་ཚོགས་པ་མཉམ་འཛུགས་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་གི་བླང་བྱ་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྒྱུན་མཐུད་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ལངས་ཕྱོགས་བརྟན་པོའི་སྒོ་ནས་རྒྱུན་སློབ་རྒྱུན་གསར་དང་ཁ་ཕྱོགས་གསལ་བོར་རྟོགས་པར་བྱེད་པ་དང་། ཕྲག་ཏུ་བབས་པའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། དོན་ཆེན་ལ་དམིགས་ནས་ཕན་འབྲས་ཐོབ་པར་བྱེད་དགོས། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་ནན་མོ་བྱེད་པ་དང་དོན་དངོས་ཀྱི་བྱ་བ་བསྒྲུབ་དགོས་ལ། ལོ་རྒྱུས་སློབ་སྦྱོང་གི་བདེན་ལུགས་དང་ལོ་རྒྱུས་སློབ་སྦྱོང་གི་ཡིད་ཆེས། ལོ་རྒྱུས་སློབ་སྦྱོང་གི་བླ་མེད་ཀུན་སྤྱོད། ལོ་རྒྱུས་སློབ་སྦྱོང་གི་ལག་བསྟར་ནུས་པ་བཅས་ཀྱི་རེ་བ་གལ་ཆེན་གསལ་པོར་ཤེས་པར་བྱས་ནས། མཚོ་སྔོན་བོད་འབྲེལ་ས་ཁུལ་གྱི་ཡུན་སྐྱོང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་རེ་བ་ལག་ལེན་མཐར་ཕྱིན་བྱས་ཏེ། རྩ་འཛུགས་ལ་གོ་རིམ་ལྡན་ཞིང་བྱ་བར་བྱེད་ཐབས་ལྡན་པ་དང་དངོས་འབེབས་ལ་ཕན་འབྲས་ཐོབ་པར་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྒྱུན་མཐུད་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཤུགས་བསྐྱེད་པ་དང་། ཧུར་ཐག་སྒོས་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་དགོས། འཕེལ་ཚད་ཁོང་དུ་ཆུད་པར་བྱེད་པ་དང་ངར་ཚད་ཇེ་མཐོར་གཏོང་བ། དྲོད་ཚད་སྲུང་འཛིན་བཟང་བོ་བྱེད་པ། ཟབ་ཚད་རྒྱ་བསྐྱེད་དགོས་ལ། རྒྱུན་མཐུད་སྒོས་ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཐད་ནས་གྲུབ་འབྲས་ངོ་མ་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།
ཚོགས་ཐོག་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།