ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2021.10.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ལོ་ལོན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། དུས་ཚིགས་སྔོན་མ་གསུམ་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་དང་དུས་ཚིགས་བཞི་བའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་གྲོས་གཞི་ལ་ཉན་པ་དང་། སློབ་གསོའི་སློབ་མའི་ལས་བྱ་ཇེ་ཉུང་དུ་གཏོང་བ་དང་གསོ་སྦྱོང་བྱེད་པའི་ཁུར་བོ་ཇེ་ཡང་དུ་གཏོང་བ། མེད་པར་གཏོང་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་བཟོ་བཅོས་བྱེད་པ། སྔོན་རྩིས་དོ་དམ་ལ་ཤུགས་སྣོན་པ་སོགས་ཀྱི་དོན་དག་ལ་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བསྟན་དོན། ལོ་ལོན་བྱ་བ་དེ་དམངས་ཚིས་ལ་འབྲེལ་བ་ཡོད་ལ། དམངས་སེམས་དང་སྦྲེལ་ཞིང་དམངས་དོན་དང་འབྲེལ་བ་དམ་པོ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་དང་རྒྱལ་ཡོངས་ལོ་ལོན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ།  མཚོ་སྔོན་གྱི་དོན་དངོས་ལ་རྐང་འཛུགས་པ་དང་། ལོ་ལོན་གྱི་སྤྱི་ཚོགས་འགན་སྲུང་དང་སྨན་བཅོས་སོགས་ཐད་ཀྱི་གནད་དོན་སྣ་ཚོགས་གཅིག་སྡུད་བྱས་ནས། རིམ་པ་མང་པོའི་རྒན་གསོ་འགན་སྲུང་མ་ལག་མྱུར་དུ་ཆ་ཚང་དུ་གཏོང་བ་དང་རྒན་གསོ་བདེ་ཐང་ཞབས་ཞུའི་ནུས་པ་ཇེ་ཆེར་གཏོང་བ། ལོ་ལོན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ལོ་ལོན་མཛའ་མཐུན་རང་བཞིན་གྱི་སྤྱི་ཚོགས་གསར་སྐྲུན་བྱེད་པ་སོགས་ཀྱི་ཕྱོགས་སུ་དངོས་འབེབས་བྱེད་ཐབས་བཟོ་བ་དང་གཏན་འཁེལ་བྱེད་པ་དང་། སྟོབས་ཤུགས་གཅིག་སྒྲིལ་སྒོས་ལོ་ལོན་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་དངོས་འབེབས་བྱས་ཏེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་དགོས་ལ། རང་འགུལ་ཞབས་ཞུ་དེ་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་དང་མཉམ་བསྲེས་བྱེད་པ་དང་། སྟོབས་ཤུགས་གཅིག་བསྡུས་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབས་བྱས་ནས། ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། སློབ་གྲྭའི་ཕྱི་རོལ་དུ་བཅོས་སྐྱོང་དང་སློབ་གྲྭའི་ནང་ཁུལ་དུ་འགན་སྲུང་བྱེད་པ་དང་། གཏོང་བཀག་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་བྱེད་པའི་བསམ་ཕྱོགས་ལྟར། སློབ་གསོའི་སློབ་མའི་ལས་བྱ་ཇེ་ཉུང་དུ་གཏོང་བ་དང་སློབ་མའི་གསོ་སྦྱོང་ཁུར་བོ་ཇེ་ཡང་དུ་གཏོང་བའི་དམིགས་འབེན་དང་ལས་འགན་དུས་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱེད་རྒྱུ་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། སྔོན་རྩིས་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། རྒྱུན་མཐུད་སྒོས་སྲིད་གཞུང་གི་གཏོང་ཡོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་སྔོན་རྩིས་ཚོད་འཛིན་ཇེ་དྲག་ཏུ་གཏོང་དགོས། འཚོ་བར་གྲོན་ཆུང་བྱེད་པའི་བསམ་བློ་ཆགས་པར་བྱེད་པ་དང་རྩིས་ཞིབ་མོ་རྒྱག་པ་དང་གྲོན་ཆུང་སྒོས་ལག་བསྟར་བྱས་ནས། ནོར་སྲིད་མ་དངུལ་བཀོལ་སྤྱོད་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་རྫས་སྲོལ་ཡིག་འཆར་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་། ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

                                                                                                                བཀྲ་ཤིས་འབུམ་གྱིས་བསྒྱུར།