ཟླ་བཅུ་པའི་ཚེས་ཉེར་གཅིག་ཉིན། ཧྲིན་ཀྲང་། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་ཁང་གི་བཀོད་འདོམས་དཔོན་པོ་ཞིན་ཁྲང་ཞིང་གིས་ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་ཁང་གི་ཆེད་དོན་གྲོས་ཚོགས་བསྡུས་ནས། རིམས་ནད་འགོག་སྡོམ་བྱ་བ་སྒྲུབ་པའི་གནས་ཚུལ་ལ་ཉན་པ་དང་། རིམས་ནད་ཀྱི་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་པར་མ་ཟད། དེང་སྐབས་ཀྱི་རིམས་འགོག་ལས་འགན་ལ་བཀོད་སྒྲིག་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར། རིམས་ནད་འགོག་སྡོམ་དེ་དེང་སྐབས་ཀྱི་ཆེས་གལ་ཆེ་བའི་དོན་ཆེན་དུ་བརྩིས་ནས་འཛིན་དགོས་པ་དང་། འཁོར་སྐྱོད་རྟོག་ཞིབ་དང་གྲལ་བཤེར་ཞིབ་མོ་ཡིན་དགོས་ལ། ཉིང་སྐྱུར་བརྟག་འཇལ་མྱུར་དགོས་པ་དང་། རྩ་འཛུགས་དོ་དམ་ཚད་ལྡན་ཡིན་དགོས་ཤིང་། འགོག་སྡོམ་བྱེད་ཐབས་དོན་འཁྱོལ་ཞིབ་མོ་ཡིན་དགོས་པ་དང་། ཆ་འཕྲིན་བསྒྲགས་པ་དུས་ཐོག་ཡིན་དགོས་ལ། སྨན་བཅོས་མྱུར་སྐྱོབ་རྗེས་ཆོད་དགོས། མྱུར་ཞིང་ཚན་རིག་དང་མཐུན་ལ་གནད་དུ་ཁེལ་བའི་ངང་ཐག་གཅོད་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་རིམས་ནད་འགོག་སྡོམ་བཟང་པོ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བཟང་པོ་བྱེད་དགོས།
ཞིན་ཁྲང་ཞིང་གིས་བསྟན་དོན། ཟླ་བཅུ་པའི་ཚེས་ཉེར་གཅིག་ཉིན་གྱི་ཞོགས་པར། རང་ཞིང་དུ་ཉིང་སྐྱུར་བརྟག་འཇལ་གྱི་མཇུག་འབྲས་གདགས་གཤིས་ཡིན་པའི་ནད་པ་ཞིག་བྱུང་བ་ལས་དེང་སྐབས་རིམས་ནད་འགོག་སྡོམ་གྱི་གནས་བབ་ཚབས་ཆེན་དང་རྙོག་འཛིང་ཡིན་པ་མཚོན་ཡོད་ལ། ང་ཚོར་ཉེན་ཁའི་བརྡ་བཏང་བ་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་སུ་བཏང་ནས། བག་ཡངས་ཀྱི་བསམ་བློ་དང་ལྷོད་གཡེང་གི་བསམ་ཚུལ་སེལ་ནས། སྔ་མོ་བཞིའི་བླང་བྱ་ཇི་མ་ཇི་བཞིན་དུ་དོན་འཁྱོལ་གྱིས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མཉམ་འགོག་མཉམ་སྡོམ་བྱེད་པ། རིམས་ནད་འགོས་མཆེད་ཀྱི་རྒྱུ་ལམ་རྩ་བ་ནས་བཅད་དེ། ཆེས་ཆེ་བའི་འབད་བརྩོན་བྱེད་པ་དང་ཆེས་ཐུང་བའི་དུས་ཚོད་སྤྱད་དེ་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བ་བཟང་པོར་སྒྲུབ་དགོས།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། འཁོར་སྐྱོད་རྟོག་ཞིབ་དང་གྲལ་བཤེར་ཞིབ་མོ་ཡིན་དགོས་ཏེ། མཐུན་སྦྱོར་གཞོགས་འདེགས་དང་རྩད་ཞིབ་ཞིབ་མོས་ནད་དུག་འགོས་མཁན་གྱི་འགྲུལ་བཞུད་ཞིབ་ཅིང་ཕྲ་བ་སྔར་ལས་ར་སྤྲོད་གསལ་པོ་བྱེད་པ་དང་། འགོས་མཆེད་རྒྱུ་ལམ་གྱི་མི་ཡོད་ཚད་ལ་མྱུར་དུ་གྲལ་བཤེར་བྱས་ནས། ནད་ངོས་བཟུང་བའི་ནད་པར་ཉེ་བར་བཅར་མཁན་དང་། འབྲེལ་ཡོད་མི་སྣ་གཙོ་བོར་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། མི་གཅིག་ཀྱང་མ་ལུས་པར་ཚང་མར་ཁེབས་པར་བྱེད་དགོས། དེ་དང་མཉམ་དུ་ཕྱིར་མཆེད་མི་སྣའི་ཆ་འཕྲིན་དུས་ལྟར་བསྐུར་བ་དང་། ཁུལ་ཁོངས་མཉམ་བཤེར་དང་ཨང་སྤྲོད་དོ་དམ་བཟང་པོ་བྱས་ནས། རིམས་ནད་ཕྱི་རུ་མཆེད་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ཉིང་སྐྱུར་བརྟག་འཇལ་མྱུར་དགོས་ཏེ། ཉིང་སྐྱུར་བརྟག་འཇལ་མི་སྣའི་ཁྱབ་རྒྱ་ཚན་རིག་དང་མཐུན་པར་གཏན་ཁེལ་བྱེད་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་ཀྱིས་ལེན་སྐྱེལ་བཤེར་ཞུ་སྣ་བཞི་ཕན་ཚུན་མཐུན་སྡེབ་ཡོང་བར་བྱེད་དགོས་ལ། འབྲེལ་ཡོད་ས་ཁུལ་གྱི་མི་སྣའི་ཉིང་སྐྱུར་བརྟག་འཇལ་ཇེ་མགྱོགས་སུ་བཏང་སྟེ། བརྟག་འོས་ཡོངས་བརྟག་ལ་ཁག་ཐེག་བྱེད་དགོས། སྡེ་ཁུལ་འགོག་སྡོམ་གཟབ་ནན་ཡིན་དགོས་ཏེ། ཉེན་ཁ་ཅན་གྱི་མི་སྣའི་འགུལ་སྐྱོད་ལ་ཕྱོགས་བསྡུས་ཀྱིས་དཔྱད་འཇོག་བརྡར་གཅོད་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་གནད་དུ་ཁེལ་བའི་ངང་བཀག་སྡོམ་གྱི་གནས་གཏན་ཁེལ་བྱས་ཏེ། ལོགས་བཀར་མི་སྣའི་ཞབས་ཞུ་འགན་སྲུང་བྱ་བ་ཞིབ་ཕྲའི་ངང་སྒྲུབ་དགོས། རྩ་འཛུགས་དོ་དམ་ཚད་ལྡན་ཡིན་དགོས་ཏེ། གཅིག་བསྡུས་ལོགས་བཀར་གྱི་གནས་དང་ཉིང་སྐྱུར་བརྟག་འཇལ་གྱི་གནས། ངེས་གཏན་སྨན་ཁང་བཅས་ཚད་ལྡན་དུ་བཙུགས་ནས། ཁུལ་གསུམ་འགྲོ་ལམ་གཉིས་དང་མི་གཅིག་ལ་ཁང་པ་གཅིག་དང་སྤྱོད་ཁང་གཅིག་སོགས་ཀྱི་ལོགས་བཀར་བླང་བྱ་དངོས་འབེབས་ནན་མོ་བྱེད་པ་དང་། འགོས་ནད་བཀག་སྡོམ་ལྟ་ཞིབ་སྐོར་ཞིབ་སྤེལ་ནས། བསྣོལ་མར་འགོས་ཁྱབ་ཏུ་འགྲོ་བར་སྔོན་འགོག་ནན་མོ་བྱེད་དགོས། འགོག་སྡོམ་བྱེད་ཐབས་དོན་འཁྱོལ་ཞིབ་མོ་བྱེད་དགོས་ཏེ། ཁ་ཐུམ་རྒྱག་པ་དང་ལུས་དྲོད་ལ་བརྟག་པ། དུག་སེལ་རླུང་རྒྱུ་སོགས་རྒྱུན་རྣམ་ཅན་གྱི་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ། གནམ་གྲུ་ཐང་དང་རླངས་འཁོར་ས་ཚིགས། སློབ་གྲྭ། རྒན་གསོ་ཁང་། གནས་སྐོར་ཡུལ་ལྗོངས་སོགས་མི་ཚོགས་འདུ་འཛོམ་བྱེད་སའི་རིམས་ནད་འགོག་སྡོམ་དམ་འཛིན་བཟང་པོ་བྱེད་དགོས། ཆ་འཕྲིན་བསྒྲགས་པ་དུས་ཐོག་ཡིན་དགོས་ཏེ། རིམས་ནད་ལྟ་འཇལ་དང་སྔོན་བརྡ་རྒྱག་པར་རང་འགུལ་གྱིས་ཤུགས་སྣོན་པ་དང་། རིམས་ནད་སྙན་ཞུ་དང་ཆ་འཕྲིན་སྒྲོག་སྤེལ་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། འཁོར་སྐྱོད་རྟོག་ཞིབ་ཀྱི་ཆ་འཕྲིན་མཉམ་སྤྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྟོན་དགུན་དུས་ཚིགས་ཀྱི་འགོག་སྡོམ་ཤེས་བྱ་དྲིལ་སྒྲོག་གསལ་འདེབས་བྱེད་པར་ཤུགས་བསྣན་ནས། མང་ཚོགས་ཀྱིས་རིམས་འགོག་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བཟང་པོ་བྱེད་པར་ཁྲིད་སྟོན་བྱེད་དགོས། སྨན་བཅོས་མྱུར་སྐྱོབ་རྗེས་ཆོད་དགོས་ཏེ། ཆེད་ལས་སྟོབསཤུགས་ཀྱི་བཀོད་སྒྲིག་དང་གཅིག་འདོམས་ལ་ཤུགས་བསྣན་ནས། སྨན་བཅོས་དང་ལྟ་སྐྱོང་། དྲག་སྐྱེད་སོགས་ཀྱི་གོ་རིམ་སྦྲེལ་མཐུད་བཟང་པོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ནད་པ་སྐྱོབ་བཅོས་བྱ་བ་བཟང་པོར་སྒྲུབ་དགོས།
ཁོང་ཡུང་དང་དབྱང་ཀྲི་ཝུན། ལིས་ཧུང་ཡ་བཅས་གྲོས་ཚོགས་ལ་ཞུགས།