ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་ནས་ཉིང་སྐྱུར་བཤེར་འཇལ་བྱ་བར་ཞིབ་བཤེར་དང་ལྟ་སྐུལ་མཛུབ་སྟོན་བྱས་པར་མ་ཟད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཆུང་གི་ཆེད་མཁས་པ་དང་བཞུགས་མོལ་བྱས།
2021.11.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་ཉིང་སྐྱུར་བཤེར་འཇལ་བྱེད་ས་རུ་ཞིབ་བཤེར་ལྟ་སྐུལ་བྱ་བ་སྤེལ་བ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་ཕྱོགས་བསྡུས་ཚན་ཆུང་མཚོ་སྔོན་བྱ་བའི་ཚན་ཆུང་གི་ཆེད་མཁས་པ་དང་བཞུགས་མོལ་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་ཕྱོགས་བསྡུས་ཚན་ཆུང་མཚོ་སྔོན་བྱ་བའི་ཚན་ཆུང་གི་མཛུབ་སྟོན་གྲོས་གཞི་ལག་བསྟར་ནན་མོ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལྟར། རྩ་འཛུགས་མཐུན་སྦྱོར་ལ་སྔར་ལས་ཤུགས་སྣོན་པ་དང་། གཞོགས་འདེགས་སྦྲེལ་མཐུད་དམ་ཟབ་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སེམས་ཤུགས་གཅིག་སྒྲིལ་བྱས་ནས། རིམས་ནད་འགོས་མཆེད་དུ་འགྲོ་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།

ཟི་ལིང་གྲོང་ཁྱེར་མེ་འཁོར་ས་ཚིགས་ཐང་ཆེན་གྱི་ཉིང་སྐྱུར་བཤེར་འཇལ་བྱེད་ས་དང་ཞང་ཀི་ལིས་ལཱ་སྡེ་ཁུལ་གྱི་ཉིང་སྐྱུར་བཤེར་འཇལ་བྱེད་ས་རུ། ཞིན་ཁྲང་ཞིང་གིས་གྲལ་སྒྲིག་ནས་ཉིང་སྐྱུར་བཤེར་འཇལ་བྱེད་པར་སྒུག་པའི་སྡོད་དམངས་ཚོ་དང་མཛའ་བརྩེའི་བརྗེ་རེས་བྱས་པ་དང་། ཁོ་ཚོས་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། དེའི་རྗེས། ཞིན་ཁྲང་ཞིང་གིས་ལས་བྱེད་མི་སྣར་ཉིང་སྐྱུར་བཤེར་འཇལ་བྱ་བ་སྤེལ་བའི་གནས་ཚུལ་གསལ་པོར་དྲིས། ཁོས་བསྟན་དོན། གཞི་གྲངས་ཆེན་པོའི་སྟེགས་བུ་བཀོལ་སྤྱོད་བྱས་ནས་དབྱེ་ཞིབ་བརྡར་གཅོད་ལ་ཤུགས་སྣོན་པ་དང་། མཐུན་སྦྱོར་བཀོད་གཏོང་ལ་ཤུགས་སྣོན་པ། ལེགས་སྒྱུར་བྱེད་ཐབས་ཇེ་བཟང་དུ་བཏང་སྟེ། མང་ཚོགས་གྲལ་སྒྲིག་ནས་སྒུག་པའི་དུས་ཚོད་ཇེ་ཐུང་དུ་གཏོང་དགོས། ཆེད་སྤྱོད་བགྲོད་ལམ་བཀོད་སྒྲིག་བྱས་ནས། ལོ་ལོན་དང་བྱིས་པ། རྐང་ལག་མི་བདེ་བའི་མི་སྣ་སོགས་དམིགས་བསལ་མི་ཚོགས་ཀྱི་བཤེར་འཇལ་བྱ་བ་བཟང་པོར་བསྒྲུབ་དགོས། ཉིང་སྐྱུར་བཤེར་འཇལ་གྱི་བརྒྱུད་རིམ་ལྟར་ཚད་དང་ལྡན་པའི་སྒོ་ནས་བྱ་བ་སྤེལ་བ་དང་། གྲ་སྒྲིག་དང་བསྡུ་ལེན། བརྒྱུད་སྐྱེལ། བཤེར་འཇལ། ཡར་ཞུ་སོགས་དུས་རིམ་སོ་སོའི་བརྒྱུད་རིམ་ཧྲིལ་བོར་དོ་དམ་བཟང་པོ་བྱེད་པ། ལས་བྱེད་མི་སྣར་རང་སྲུང་དོ་དམ་ལག་བསྟར་བྱེད་པ། དེ་དང་མཉམ་དུ་ཞབས་ཞུ་འགན་སྲུང་བྱ་བ་བཟང་པོར་བསྒྲུབ་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་ཕྱོགས་བསྡུས་ཚན་ཆུང་མཚོ་སྔོན་བྱ་བའི་ཚན་ཆུང་གི་ཆེད་མཁས་པ་དང་བཞུགས་མོལ་བྱེད་སྐབས། ཞིན་ཁྲང་ཞིང་གིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་བཅས་ཀྱི་ཚབ་བྱས་ནས་བྱ་བའི་ཚན་ཆུང་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་ཕྱོགས་བསྡུས་ཚན་ཆུང་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་བྱ་བའི་ཚན་ཆུང་མངགས་ནས་མཚོ་སྔོན་གྱིས་རིམས་ནད་ཐག་གཅོད་བྱ་བ་སྤེལ་བར་རོགས་རམ་བྱས་པ་དང་། བྱ་བའི་ཚན་ཆུང་མཚོ་སྔོན་དུ་ཐོན་རྗེས་གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་པར་མ་འཛེམས་པར་མྱུར་དུ་བྱ་བའི་ཁྲོད་ཞུགས་ཏེ། རིམས་ནད་འགོག་སྡོམ་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་པ་དང་། ཁ་གཏད་རང་བཞིན་ལྡན་པའི་མཛུབ་སྟོན་གྲོས་གཞི་བཏོན་ནས། ང་ཚོས་རིམས་ནད་འགོག་སྡོམ་བྱ་བ་བཟང་པོར་སྒྲུབ་པའི་ཐད་མཛུབ་སྟོན་དང་རྒྱབ་སྐྱོར་ཆེན་པོ་བྱས། བྱ་བའི་ཚན་ཆུང་གི་ཆེད་མཁས་པ་སོ་སོས་གནད་ཕིགས་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། གྲོས་གཞི་དང་བསམ་འཆར་འདོན་པ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ལག་བསྟར་བྱ་བ་དམ་འཛིན་བྱས་ནས། དུས་ཚོད་ཅུང་ཐུང་ངུའི་ནང་རིམས་ནད་འགོག་སྡོམ་གཡུལ་འགྱེད་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར། བྱ་བའི་ཚན་ཆུང་གི་ཆེད་མཁས་པས་བསྟན་དོན། རིམས་ནད་བྱུང་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཐོག་ཏུ་གནད་ཕིགས་འགོག་སྡོམ་བྱེད་ཐབས་སྤྱད་དེ། ཉེན་ཁ་འཛིན་སྡོམ་ཤུགས་ཡོད་བྱས་པ་དང་གྲུབ་འབྲས་བླངས། བྱ་བའི་ཚན་ཆུང་གིས་བརྗེ་རེས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་བསམ་འཆར་བརྗེ་རེས་བྱེད་པ། མཉམ་དུ་འབད་འཐབ་བྱས་ཏེ། བག་ཉལ་དུས་སྐབས་ནང་རིམས་ནད་འགོས་མཆེད་དུ་འགྲོ་བར་ཚོད་འཛིན་བྱེད་པ་དང་། སྔ་མོ་ནས་རིམས་ནད་འགོག་སྡོམ་བྱ་བ་རྒྱུན་སྲོལ་དུ་འགྱུར་བར་བྱེད་རྒྱུ་ཡིན་ཟེར།

ཁྲིན་རུའེ་ཧྥིན་དང་ཁོང་ཡུང་གཉིས་ཀྱིས་མཉམ་དུ་ཞིབ་བཤེར་ལྟ་སྐུལ་བྱས་པར་མ་ཟད་བཞུགས་མོལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།