མཚོ་སྔོན་ཞིང་ཆེན་གྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས།
2021.11.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་རིས་གྲོས་་ཚོགས་ཀྱི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ལ། ཉེ་དུས་ཀྱི་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་མ་ཟད། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་ཕྱོགས་བསྡུས་ཚན་ཆུང་མཚོ་སྔོན་བྱ་བའི་ཚན་ཆུང་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཁོང་ཡུང་གིས་བསྟན་དོན། མིག་སྔར། རང་ཞིང་གི་རིམས་ནད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ་དང་། རིམས་ནད་འགོག་སྡོམ་གྱི་ལས་འགན་སྔར་བཞིན་ཧ་ཅང་ལྕི་བས། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། མི་དམངས་དང་ཚེ་སྲོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ལྷོད་གཡེང་དང་སྟེས་དབང་གི་བསམ་བློ་ཁྱད་སེལ་བྱས་ཏེ། རིམས་ནད་ཕྱི་ནས་ནང་དུ་མཆེད་པར་བཀག་འགོག་དང་ནང་ནས་ཕྱིར་འབྱུང་བར་བཀག་འགོག་བྱེད་པའི་འགོག་ར་བརྟན་པོ་འཛུགས་དགོས།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། མགྱོགས་མྱུར་དང་གཟབ་ནན། གནད་ལ་འཁེལ་བ། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་སྡོམ་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པ། སྟོབས་ཤུགས་ཡོད་ཚད་བཏོན་ནས་པྲོག་གསར་གློ་ཚད་རིམས་ནད་བྱུང་བར་ངོས་བཟུང་བའི་ནད་པར་སྨན་བཅོས་སྲོག་སྐྱོབ་བྱེད་པ། སྐྱོན་ཆ་འཚོལ་བ་དང་མི་འདང་ས་ཁ་གསབ་བྱས་ནས། རིམས་ནད་ཐག་གཅོད་ཀྱི་ནུས་པ་མཐོར་འདེགས་གཏོང་དགོས། རིམས་ནད་ཕྱི་ནས་ནང་དུ་མཆེད་པར་བཀག་འགོག་བྱེད་རྒྱུ་དེ་རིམས་ནད་འགོག་སྡོམ་ཐད་ཀྱི་བྱ་བ་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། ནང་ཁུལ་ནས་ཕྱིར་འབྱུང་བར་བཀག་འགོག་བྱེད་རྒྱུ་དེ་རིམས་ནད་འགོག་སྡོམ་གྱི་གནད་འགག་ཏུ་བརྩི་བ། སྡེ་ཁུལ་གྱི་འགོག་སྡོམ་དེ་རིམས་ནད་འགོག་སྡོམ་གྱི་སོ་ཁུལ་དུ་བརྩི་བ། སྔོན་བརྡ་ལྟ་ཞིབ་དེ་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་གལ་ཆེན་དུ་བརྩི་བ། མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས་གཏོང་རྒྱུ་དེ་རིམས་ནད་འགོག་སྡོམ་གྱི་ལས་འགན་གཙོ་བོར་བརྩིས་ཏེ། བདེ་འཇགས་ཚད་ལྡན་དང་གོ་རིམ་དང་ཤུགས་ལྡན་པའི་སྒོ་ནས་འགོག་སྨན་རྒྱག་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་བྱས་ནས། མཚོ་སྔོན་ཉེན་ཁ་ཆེ་བའི་ས་ཆ་རུ་གཏན་ནས་འགྱུར་དུ་འཇུག་མི་རུང་།

རིན་ཆེན་མཚོས་བསྒྱུར།