ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཤིས་ཚིག་གི་དགོངས་དོན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་ལ། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་སྙན་ཞུ་ལ་ཉན་པ་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམ་སྟོན་ལ་ཞུགས་པར་མ་ཟད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཚོགས་ཆེན་ལ་ཞུགས་པར་མ་ཟད་བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་གནང་ལ། ཚན་རྩལ་གསར་གཏོད་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་སྐུལ་སློང་དང་ཐུགས་ཁུར་བྱེད་པ་མཚོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་མོ་བྱེད་པ་དང་། གསར་གཏོད་རང་རྟོན་ཇེ་བརྟན་དུ་གཏོང་བ་རྩ་བར་བྱེད་པ། གསར་གཏོད་གོ་སྐབས་དམ་འཛིན་བྱེད་རྒྱུ་དེ་སྣེ་ཁྲིད་དུ་བྱེད་པ། ཚན་རྩལ་གྱི་རི་རྩེར་འཛེག་པ་དེ་དམིགས་འབེན་དུ་བྱེད་པ། འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་པ་དེ་བྱེད་ཐབས་སུ་བྱེད་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འཕེལ་མངོན་འགྱུར་བྱེད་པ་དེ་རང་འགན་དུ་བརྩི་བ་བཅས་བྱས་ནས། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ཚན་རྩལ་གསར་གཏོད་ཐད་ཀྱི་རྒྱུགས་ལན་བཟང་བོ་བྲིས་ཏེ། མཚོ་བོད་མཐོ་སྒང་གི་ཚན་རྩལ་གསར་གཏོད་ཀྱི་མཐོ་གནས་འཛུགས་པ་དང་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་ཡོངས་ཀྱི་གོ་མཚོན་བྱ་བའི་གྲོས་ཚོགས་སྟེང་མཆན་བཀོད་མཛུབ་སྟོན་གནང་བ་དང་། དེ་ནི་དམག་དོན་འཐབ་རྩོད་གྲ་སྒྲིག་བཟང་བོར་བྱེད་པའི་འཐབ་རྩལ་བཀོད་སྒྲིག་དང་། རྒྱལ་སྤྱིའི་གནས་བབ་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་བའི་འཐབ་འཛིང་བཀོད་སྒྲིག་ཡིན། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ། ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་བརྗེ། དམག་དོན་གསར་བརྗེ་ཁྲོད་དམག་དམངས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་བཏང་སྟེ། དམག་དཔུང་འཛུགས་སྐྲུན་གྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་སྟོབས་ཤུགས་འབུལ་དགོས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་ཕྱི་ཕྱོགས་བྱ་བར་དམིགས་ནས་གནང་བའི་གསུང་བཤད་གལ་ཆེན་དང་བརྗོད་དོན་འཁྲབ་བཤད། ཡིག་ཐོག་ཤིས་ཚིག་གིས། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་དུས་རབས་ཀྱི་སྙིང་སྟོབས་མཚོན་པ། མིའི་རིགས་ཀྱི་ཡར་ཐོན་ལ་སྣེ་ཁྲིད་བྱེད་པའི་འདུ་ཤེས་གསར་བ་དང་འདོད་བློ་གསར་བ། གྲོས་གཞི་གསར་བ་རབ་དང་རིམ་པ་བཏོན། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། མིའི་རིགས་ཀྱི་ཚེ་སྲོག་གི་ཐུན་མོང་ཚོགས་པ་འཛུགས་པའི་གོ་དོན་དང་མིའི་རིགས་ཀྱི་ཐུན་མོང་རིན་ཐང་གི་སྲོག་ཤིང་བརྗོད་དོན་དར་སྤེལ་གཏོང་བ། ཕྱོགས་མང་རིང་ལུགས་ངོ་མའི་དགོངས་པའི་ངོ་བོ་ལག་བསྟར་བྱེད་པ། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་མཉམ་འཛུགས་བྱེད་པའི་ལག་ལེན་རེ་བར་རྒྱུས་ལོན་གསལ་བོ་བྱེད་པ། འཐབ་ཇུས་གཏན་ཤུགས་དང་འཐབ་ཇུས་རང་རྟོན། འཐབ་ཇུས་རང་འགུལ་སྔར་ལས་ཇེ་དྲག་ཏུ་གཏོང་བ། རང་རྟོགས་སྒོས་རྒྱལ་ཁབ་སྤྱི་ཁོག་གི་ཕྱི་འབྲེལ་ལ་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ་དང་། འཕེལ་རྒྱས་ཆགས་སྟངས་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱས་ནས། མཚོ་སྔོན་དྲིལ་སྒྲོག་བཟང་བོ་བྱེད་པ་དང་མཚོ་སྔོན་གྱི་སྣང་བརྙན་འགྲེམ་སྟོན་བཟང་བོ་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བརྒྱད་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་དང་མིང་བཏོན་བྱ་དགའ་ཐོབ་མཁན་ལ་མཇལ་འཕྲད་གནང་བ་དེས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་ལྷག་པར་དུ་ཀུན་སྤྱོད་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་པ་མཚོན་ལ། སྤྱི་ཚོགས་ཡོངས་སུ་ཀུན་སྤྱོད་བཟང་བོ་འཛུགས་པར་བརྩི་མཐོང་བྱེད་པའི་ཁྲིད་ཕྱོགས་མངོན་གསལ་མཚོན་པར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྲོག་ཤིང་རིན་ཐང་དར་སྤེལ་གཏོང་བ་སྣེ་ཁྲིད་དུ་བྱེད་པ། ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་འདྲེན་བྱེད་དུ་བྱེད་པ། བསམ་པའི་མཐོ་ས་འཛུགས་སྐྲུན་བྱེད་པ་དེ་བྱེད་ཐབས་སུ་བྱེད་པ། དུས་རབས་ཀྱི་དཔེ་མཚོན་འཛུགས་པ་དཔེ་སྟོན་དུ་བྱེད་པ། དུས་རབས་ཀྱི་སྙིང་སྟོབས་བརྒྱུད་སྒྲོག་བྱེད་པ། མིག་དཔེའི་སྟོབས་ཤུགས་བརྒྱུད་སྒྲོག་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཀུན་སྤྱོད་དཔེ་ལེགས་ཅན་ལ་སློབ་སྦྱོང་བྱེད་པ་དང་བརྩི་བཀུར་བྱེད་པ། ཀུན་སྤྱོད་དཔེ་ལེགས་ཅན་བྱེད་པའི་སྣང་ཚུལ་སྟུག་པོ་འཛུགས་དགོས།
ཚོགས་ཐོག་ནས་བསྟན་དོན། སྐོར་འདིའི་ཞིང་ཆེན་ནང་ཁུལ་གྱི་རིམས་ནད་བྱུང་བའི་ཚུན་དུ། ཞིང་ཆེན་གོང་འོག་ཡོངས་ཀྱིས་བཀོད་འདོམས་བཟང་བོ་དང་རྩ་འཛུགས་ནན་མོ་བྱས་པ་དང་། མི་སྣ་བཀོད་སྒྲིག་བཟང་བོ་བྱས་པ་དང་བྱེད་ཐབས་སྤྱོད་པ། འགན་སྲུང་བཟང་བོ་དང་དྲིལ་སྒྲོག་བཟང་བོ་བྱས་པས། རིམས་ནད་འགོག་སྡོམ་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། རིམ་པ་སོ་སོའི་ལས་བྱེད་པ་དང་སྨན་བཅོས་མི་སྣ། སྤྱི་བདེ་ཉེན་རྟོག་པ། རྒྱ་ཆེའི་མང་ཚོགས་ཀྱིས་འགུལ་སྐྱོད་དངོས་ལ་བརྟེན་ནས་འགན་འཁྲི་དང་བློས་གཏོང་། ཁག་ཁུར་འགྲེལ་བཤད་གསལ་བོ་བྱས། ཉམས་མྱོང་དང་བསླབ་བྱ་སྤྱི་སྡོམ་བྱེད་པ་དང་། རིམས་ནད་ཀྱི་རྣམ་པར་ཞིབ་འཇུག་བརྡར་གཅོད་བྱེད་པ། ཉེན་ཟོན་མཐོན་པོ་རྒྱུན་འཁྱོངས་བྱས་ནས། ཚོད་འགོག་བྱ་བར་རྒྱུན་མཐུད་ངང་དམ་འཛིན་བྱེད་དགོས། འགོག་སྲུང་ནི་རྩ་བ་ཡིན་པ་དང་། རིམས་ནད་ཕྱི་ནས་ནང་དུ་མཆེད་པར་བཀག་འགོག་བྱེད་པ་ནི་དོན་དག་གལ་ཆེན་ཡིན་པས། ལྷོད་གཡེར་སྤུ་ཙམ་ཡང་བྱེད་མི་རུང་། ཚོད་འཛིན་བཟང་བོ་བྱེད་པ་ནི་རྨང་གཞི་ཡིན་པ་དང་། ནང་ཁུལ་ནས་ཡང་བསྐྱར་འབྱུང་བར་བཀག་འགོག་བྱེད་པ་ནི་ཉེན་ཁ་ཡོད་ས་ཡིན་པས། རྐང་རྗེས་ལག་སུབ་གཏན་ནས་བྱེད་མི་རུང་། མགྱོགས་མྱུར་སྒོས་བརྟག་བཤེར་བྱེད་པ་ནི་གཙོ་གནད་ཡིན་པ་དང་། སྔ་མོ་ནས་རིམས་ནད་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་སྔ་མོ་ནས་ཐག་གཅོད་བྱེད་པ་ནི་ཕན་ཡོད་བྱེད་ཐབས་ཡིན་པས། ཉེན་ཁར་སྣང་ཆུང་གཏན་ནས་བྱེད་མི་རུང་། རྗེས་སུ་སྙེག་པ་ནི་གནད་འགག་ཡིན་པ་དང་། ནད་དུག་གི་ངོ་བོ་རྒྱུན་མི་ཆད་པར་འགྱུར་བཞིན་ཡོད་པས་ལྟ་ཞིབ་ནན་མོ་བྱས་ནས། རིམས་ནད་འགོག་སྡོམ་ནན་མོ་བྱེད་དགོས། རྒྱག་འོས་པ་ཚང་མར་འགོག་སྨན་རྒྱག་པ་དང་། དོ་དམ་ནན་མོ་བྱས་ཏེ། རིམས་ནད་འགོག་སྡོམ་ཐད་ཀྱི་རྒྱལ་ཁ་ལེན་དགོས། རྒྱུན་སྲོལ་ཅན་གྱི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པ་དང་། ལོ་མགོར་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམིགས་ནས། སྟོབས་ཤུགས་ཡོད་རྒུས་འབད་བརྩོན་བྱེད་པ་དང་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་རྩོམ་པའི་ཐད་ཀྱི་རྒྱུགས་ལན་བཟང་བོ་སྤྲོད་དགོས།
ཚོགས་ཐོག་ནས་སང་ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་དང་འབྲེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ཀྲུང་ཧྭའི་ཆུ་མཛོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འཆར་གཞི་དང་མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་ལས་རིགས་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ལག་བསྟར་གྲོས་གཞི་ལ་གྲོས་བྱས་པ་མ་ཟད། བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།