ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས།
2021.11.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན།    ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།    ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྔ་གཞུག་ཏུ་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།      མི་གྲངས་དང་འཆར་ལྡན་བུ་སྐྱེ།    གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས།       མི་བསླུ་འཚོང་ལ་ངོ་རྒོལ།    དུས་རབས་གསར་པའི་ནང་སློབ་གྲྭའི་ལུས་རྩལ་དང་མཛེས་རྩལ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས་པར་མ་ཟད།    རང་ཞིང་གི་རྒྱལ་ཡོངས་རྒྱལ་ཁོངས་ཞིབ་བཤེར་ཐེངས་གསུམ་པའི་གཞི་གྲངས་གཙོ་བོའི་གྲུབ་འབྲས་སྙན་ཞུ་ལ་ཉན།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་སྐབས་བཞི་པའི་མགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་།  ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉི་ཤུ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན།    རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་སྟེར་བའི་ཚོགས་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།   གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།    བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་།    རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་བར་གྱི་བརྗེ་རེས་འབྲེལ་འདྲིས་ལ་ཤུགས་སྣོན་པ།   ཆུ་ཚད་སྔར་ལས་མཐོ་ཞིང་སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་ཤུགས་ཆེན་པོས་འཛུགས་སྐྲུན་བྱེད་པ།    འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཚོལ་ཞིབ་བྱེད་པ།     འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གྲུབ་པར་བྱེད་པ་བཅས་བྱེད་དགོས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དཔྱིས་ཕྱིན་པ་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་།   ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར་ཚན་རྩལ་གསར་སྐྲུན་གྱི་བྱེད་ནུས་གསར་པ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས།     ཁྱབ་ཁོངས་གཙོ་བོའི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོ་དོན་འཁྱོལ་ནུས་ལྡན་བྱེད་དགོས།    རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཆར་འགོད་དང་སྦྲེལ་མཐུད་ཡག་པོ་བྱེད་པ།    གཙོ་གནད་གཅིག་བསྡུས་དང་དོན་དངོས་ལ་རྐང་འཛུགས་པ།    ཡུལ་བབ་དང་བསྟུན་པ་བཅས་བྱས་ནས་རང་ཞིང་གི་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་སྟེང་བསྟན་དོན།     མི་གྲངས་ཡུན་རིང་དོ་མཉམ་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པར་རྐང་བཙུགས་ནས་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ཤུགས་ཚད་ཆེ་རུ་གཏོང་བ་དང་མི་གྲངས་ཀྱི་གཞི་རྩའི་ཆ་འཕྲིན་མཉམ་འཛུགས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ།   འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་གི་ཕྱོགས་ཡོངས་ཀྱི་རོགས་སྐྱོར་འགན་སྲུང་ལམ་ལུགས་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ།    བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།    གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཤུགས་འདོན་ས་དེ་སྤུས་ཚད་དང་ཕན་ནུས་མཐོར་འདེགས་གཏོང་བ་དང་མཉམ་བསྲེས་བྱས་ནས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་དགོས་མཁོ་ཁྲིད་ཕྱོགས་སུ་བྱེད་པ།    ཞབས་ཞུ་དང་དོ་དམ།   དོ་མཉམ་བཅས་ཀྱི་གནད་དོན་ཐག་གཅོད་བཟང་པོ་བྱས་ནས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་སྟེང་།     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་མི་བསླུ་འཚོང་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཡུན་ཕན་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་བ།     མི་བསླུ་འཚོང་བྱེད་པའི་ཁྲིམས་འགལ་ནག་ཉེས་འབྱུང་བར་ནུས་ཡོད་སྒོས་སྔོན་འགོག་དང་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་བ།    སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་ལ་འགན་སྲུང་ནན་མོ་བྱས་ཏེ་རང་ཞིང་གི་སྤྱི་ཚོགས་སྤྱི་ཡོངས་འཆམ་མཐུན་གཏན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།    རིམ་པ་སོ་སོའི་སློབ་གསོའི་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་དང་མཛེས་རྩལ་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་དཔྱིས་ཕྱིན་པ་དང་གོ་བ་གཏིང་ཟབ་ལེན་པ་དང་།   སློབ་མ་དག་གི་ལུས་སྦྱོང་ནུས་པ་དང་གཟུགས་གཞི་བདེ་ཐང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་སྟེ་སློབ་མ་དག་གི་ལུས་སེམས་བདེ་ཐང་དང་མི་ཆོས་བྱང་ཚད་རྒྱུན་མཐུད་ཇེ་དྲག་ཏུ་གཏོང་དགོས་ཟེར།

གྲོས་ཚོགས་སྟེང་བསྟན་དོན།     ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གྲུབ་འབྲས་བེད་སྤྱོད་དང་ཁྱབ་བསྒྲགས་དང་དྲིལ་སྒྲོག་བཟང་པོ་བྱེད་དགོས་པ་དང་།    རྒྱལ་ཁོངས་ཞིབ་བཤེར་གཞི་གྲངས་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་འཆར་འགོད་གལ་ཆེན་དང་སྲིད་ཇུས་བྱེད་ཐབས་གལ་ཆེན་གཏན་འབེབས་བྱེད་པའི་རྩ་བའི་གཞི་འཛིན་སར་བྱེད་པ།     ཆེས་གཟབ་ནན་ཡིན་པའི་ཞིང་ས་སྲུང་སྐྱོབ་དང་ས་ཞིང་གྲོན་ཆུང་དང་གཅིག་བསྡུས་ངང་བཀོལ་སྤྱོད་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད།    ནགས་ལས་དང་རྩྭ་ཐང་སྲུང་སྐྱོབ་འཕེལ་རྒྱས་དང་ལས་ཞུགས་སྐུལ་འདེད་འཆར་འགོད་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།    གྲོས་ཚོགས་སྟེང་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ད་ལྟ་སྒྲུབ་བཞིན་པ་དང་འཆར་འགོད་བཀོད་སྒྲིག་ལས་འགན་གཉིས་ཟུང་འབྲེལ་བྱས་ཏེ་བྱ་བ་སོ་སོར་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་འབྱུང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

                                                                                        ལྷ་མོ་ཚེ་རིང་གིས་བསྒྱུར།