ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཐེངས་གྱ་བཞི་བ་ཟི་ལིང་དུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་དང་ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་དྲུང་བཅས་གྲོས་ཚོགས་ཞུགས། གྲོས་ཚོགས་སྟེང་གཞུང་སྒྲུབ་ཐིན་དང་ཞིང་ཆེན་དམངས་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཕུལ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་སྟེང་གྲོས་ཞིབ་བྱ་རྒྱུའི་གྲོས་གཞིའི་སྐོར་གྱི་སྙན་ཞུ་ལ་ཉན།
གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་འཁོར་རྒྱུག་དཔལ་འབྱོར་སྐུལ་སྤེལ་སྲོལ་ཡིག་འཆར་ཟིན་དང་མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག་འཆར་ཟིན། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིགས་སྨན་རྫས་སྲོལ་ཡིག་འཆར་ཟིན་སོགས་ཁྲིམས་སྲོལ་སྲོལ་ཡིག་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་དང་ཞིབ་དཔྱད་བྱེད་རྒྱུར་རེ་ཞུ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པ་བསྡུ་བའི་སྐོར་གྱི་ཆོད་དོན་འཆར་ཟིན་དང་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཁང་འཛུགས་པའི་སྐོར་གྱི་གྲོས་གཞིའི་སྙན་ཞུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐེབས་རྩའི་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུ། ཉིས་སྟོང་ཉི་ཤུ་ལོའི་མཚོ་སྔོན་ཞིང་ཆེན་རྒྱལ་དབང་མ་རྩའི་དོ་དམ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ་དང་རྒྱལ་དབང་རང་བྱུང་ཐོན་ཁུངས་དོ་དམ་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་སྙན་ཞུ། འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་དང་མི་དོན་བསྐོ་འཐེན་གྲོས་གཞི་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་སྟེང་གྲོས་ཞིབ་བྱེད་པར་རེ་ཞུ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་སྟེང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་སྟེང་ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱེད་རྒྱུ་ཐག་བཅད་པ་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་ཉིན་རིམ་འཆར་ཟིན་ལ་འཐད་པ་བྱུང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཉིས་སྟོང་ཉེར་གཅིག་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་དམིགས་འབེན་ལས་འགན་གཙོ་བོའི་སྐོར་གྱི་སྙན་ཞུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཀྱི་གྲོས་དོན་ནང་འཇོག་རྒྱུར་འཐད་པ་བྱུང་བར་མ་ཟད་ཞིང་ཆེན་ཏང་ཨུ་ལ་ཡར་ཞུ་བྱེད་རྒྱུར་འཐད་པ་བྱུང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མི་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འགན་སྒྲུབ་གནས་ཚུལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་དཔར་འགྲེམ་བྱེད་པར་འཐད་པ་བྱུང་།
གྲོས་ཚོགས་སྟེང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞི་རིམ་ཁྲིམས་འཛུགས་འབྲེལ་འདྲིས་བྱེད་ས་ལེགས་སྒྲིག་དང་ཁ་སྣོན་བྱེད་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་རིག་མཛོད་རྒྱ་བསྐྱེད་འཐུས་ཚང་དུ་གཏོང་བ་སོགས་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་བསྡུར་བྱས་ཏེ་གྲོས་འཆམ་བྱུང་།
ལྷ་མོ་ཚེ་རིང་གིས་བསྒྱུར།