ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་གྲོང་གསེབ་དར་སྤེལ་འབྲེལ་འདྲིས་བྱེད་སར་སོང་སྟེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་རྒྱུ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་འགུལ་སྐྱོད་གཉིས་ཀ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་གཅིག་གྱུར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་དོན་ཆེན་ལ་སེམས་ཁུར་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ལ་དོན་དངོས་དང་དོན་བཟང་གང་མང་བསྒྲུབ་དགོས་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་མཚོ་སྔོན་གྱི་ས་ཆ་ཀུན་ཏུ་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།
ཀྲུང་ཁྲོན་ཡུལ་ཚོ་ཞ་ཁུག་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་ཝང་ཅན་ཅུན་གྱིས་གྲོང་ཁྱེར་དང་རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་བཞིའི་ཧྲུའུ་ཅི་དང་ཏང་ཡོན་མང་ཚོགས་དང་ལྷན་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་ལྷུག་པར་བརྗོད། ཁོས་བཤད་དོན། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་བ་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་ལ། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཡིན་པ་དང་། གདོང་ལེན་རུ་ཁག་ཚད་ལྡན་ཞིག་བྱེད་ན་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་དགོས། ཀྲུང་གོར་དགའ་ཞིང་ཞིབ་འཇུག་བྱེད་པ་དང་འཕེལ་རྒྱས་སུ་གཏོང་ན་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞིང་ཞིབ་འཇུག་བྱེད་པ་དང་འཛུགས་སྐྲུན་བཟང་བོ་བྱེད་དགོས་ལ། ཏང་གི་ལས་དོན་ལ་བློ་དཀར་ཞིང་ཏང་དང་རྒྱལ་ཁབ་ཀྱི་དོན་ཆེན་ལ་སེམས་ཁུར་བྱེད་པ་དང་། ཏང་གི་འདོད་བློ་དེ་མི་དམངས་མང་ཚོགས་ཀྱི་རང་འགུལ་འགུལ་སྐྱོད་དུ་འགྱུར་བར་བྱེད་དགོས་པར་མ་ཟད། ཏང་གི་ཚན་རིག་རིགས་གཞུང་གིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། བྱ་བར་སྐུལ་སྤེལ་བྱེད་དགོས་ལ། རིགས་སོ་སོའི་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ནམ་ཡང་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་དང་ཏང་གི་རྗེས་སྐྱོང་མཁན་བཟང་བོ་ཞིག་བྱེད་དགོས་ཟེར།
ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཝང་ཅན་ཅུན་གྱིས་ཀྲུང་ཁྲོན་ཡུལ་ཚོ་ཞ་ཁུག་སྡེ་བའི་ཡུས་ཝང་འགག་གི་ཁྱད་ཐོན་རིག་གནས་གནས་སྐོར་ཐོན་ལས་དང་ཀུའུ་ཧྲན་གྲོང་བརྡལ་ཧྲན་ཀྲོང་སྡེ་བའི་ཆི་ལིས་མེ་ཏོག་ར་བ། ཞི་ཀུག་ཡུལ་ཚོ་སྐྱར་དར་སྡེ་བའི་གྲོང་གསེབ་དར་སྤེལ་ཐོན་ལས་ར་བའི་འཛུགས་སྐྲུན་སོགས་ལ་རྟོག་ཞིབ་བྱས། ཁོས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་། དུས་རབས་གསར་བ་དང་འཐབ་ལམ་གསར་བའི་སྟེང་སྔར་ལས་རླབས་ཆེ་བའི་རྒྱལ་ཁ་དང་གཟི་བརྗིད་ཐོབ་པའི་བཀའ་བརྡ་དང་ལེན་བྱེད་པ། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་ཀྱིས་སྐུལ་ལྕག་བཏང་ནས། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཐད་ཀྱི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་མ་ཟད། བསམ་བློའི་འདུ་ཤེས་སྔར་ལས་གསར་བཅོས་བྱེད་པ་དང་ནུས་ཤུགས་ཇེ་ཆེར་གཏོང་བ། བཅོས་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ། གྲོང་གསེབ་དར་སྤེལ་གྱི་ཞན་ཆ་མྱུར་དུ་ཁ་གསབ་བྱས་ནས། མང་ཚོགས་ལ་དོན་དངོས་དང་དོན་བཟང་བསྒྲུབ་སྐབས་མཉམ་དུ་ཕྱུག་པོར་འགྱུར་བའི་བགྲོད་ལམ་དུ་བསྐྱོད་དགོས་ཟེར།
ཡུས་ཚོང་ལི་རྟོག་ཞིབ་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།