མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་ཟི་ལིང་དུ་བསྡུས།
2021.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་བསྡུས་ནས། ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། འབྲེལ་ཡོད་བཅོས་སྒྱུར་ཇུས་གཞི་ལ་གྲོས་ཞིབ་བྱས།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཐིན་ཅཱ་ཚའེ་དང་ལིས་ཅེ་ཞང་། ཡུས་ཚུང་ལི། ཝང་ལིས་མེན་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། བཀོད་སྒྲིག་གསར་པ་དང་རེ་བ་གསར་པ་རབ་དང་རིམ་པ་བཏོན་པས། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། བཅོས་སྒྱུར་གྱི་སྙིང་སྟོབས་དང་དངོས་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས་འདྲ་མཉམ་འགྲན་རྩོད་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་དང་དངོས་ཟོག་ཉར་གསོག་གི་བདེ་འཇགས་དོ་དམ་ལག་བསྟར་བྱེད་པ། བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ། བསྡོམས་རྩིས་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་བྱེད་པ་སོགས་ཀྱི་བྱ་བར་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་གི་བཅོས་སྒྱུར་བཀོད་སྒྲིག་སྣ་ཚོགས་རང་ཞིང་ནས་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་སྤེལ་བའི་གྲུབ་འབྲས་ལ་ཁས་ལེན་བྱས། ཚོགས་ཐོག་ནས་བསྟན་དོན། རྒྱལ་དབང་ཁེ་ལས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་གོ་གནས་གལ་ཆེན་ཟིན་པ་དང་། ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཐད་ནས་གཙོ་གནད་དམ་འཛིན་བྱས་པ་དང་། དཀའ་གནད་གཙིགས་སུ་བཟུང་ལ། ཁྱད་ཆོས་འབུར་དུ་ཐོན་པར་བྱས་པ་དང་། གྲུབ་འབྲས་བཟང་པོ་བླངས་ལ། བཟོ་སྐྲུན་པར་རིས་གསལ་བོར་མཐོང་ཐུབ་པའི་མཛེས་ལྗོངས་པར་རིས་བསྒྱུར་བ་དང་། ཞིང་ཆེན་ཁོངས་གཏོགས་རྒྱལ་དབང་ཁེ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བརརྨང་གཞི་བརྟན་པོ་བཏིངས་ལ། མཐོ་གནས་འཛུགས་སྐྲུན་དང་གནས་བཞི་འཛུགས་སྐྲུན་བྱེད་པ་སོགས་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བའི་སྟེང་གཙོ་ཤུགས་དང་མིག་དཔེ་བྱས་པ་དང་། རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་མཚོ་སྔོན་གྱི་བགྲོད་ལམ་འཚོལ་ཞིབ་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མིག་སྔར་རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་གནད་འགག་དུས་སྐབས་སུ་སླེབས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་རྒྱུ་དེ་གཙོ་ཐིག་ཏུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། གྲུབ་འབྲས་ལ་མཐོང་ཆེན་བྱེད་པ་དང་གནད་དོན་ལ་དམ་དུ་དམིགས་པ། ཉེན་ཁ་འགོག་སྲུང་བྱེད་པ། མཉམ་དུ་མཁྲེགས་གཏོར་བྱས་ནས། རྒྱལ་དབང་ཁེ་ལས་བཅོས་སྒྱུར་བརྟན་བརླིང་ངང་ཡུན་རིང་བོར་སྤེལ་བར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་གོ་རིམ་ཧྲིལ་བོ་དང་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱེད་པ། རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་དང་ཞིང་ཆེན་གྱི་དོན་དག་གལ་ཆེན་ཁོང་དུ་ཆུད་པར་བྱས་ཏེ། རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཐད་ཀྱི་དཀའ་གནད་ཐག་གཅོད་པ་དང་རྒྱལ་དབང་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། རང་རྟོགས་སྒོས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་ཁྲོད་འདྲེས་པར་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གྱི་འཐབ་ཇུས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། དགོས་མཁོ་ཡིས་འདོན་སྤྲོད་ལ་སྣེ་ཁྲིད་བྱེད་པ་དང་འདོན་སྤྲོད་ཀྱིས་དགོས་མཁོ་བསྐྲུན་པའི་འགུལ་རྣམ་དོ་མཉམ་གྲུབ་པར་སྐུལ་འདེད་བཏང་ནས། ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ་དང་རྒྱུ་ནོར་མ་རྩ་རུ་འགྱུར་བ། མ་རྩ་དང་ལག་རྩལ་གཉིས་ཟུང་འབྲེལ་བྱེད་དགོས། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ། ཚོང་རའི་ཆོས་ཉིད་དང་དཔལ་འབྱོར་གྱི་ཆོས་ཉིད་བརྩི་སྲུང་བྱེད་པ། ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་ལྟར་བྱ་བ་བསྒྲུབ་པ་དང་། ཉེན་ཁ་འགོག་སྲུང་བྱེད་རྒྱུ་དེ་དོན་དག་གལ་ཆེན་དུ་བརྩི་བ། ཁེ་ལས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་ཚད་ལྡན་དུ་གཏོང་བ་དང་། མ་དངུལ་གཏོང་མཁན་ལ་འགན་ཁུར་བ་དང་ལོ་རྒྱུས་ལ་འགན་ཁུར་བ། ཐོན་སྐྱེད་རྒྱུན་ལྡན་དང་ཚོང་གཉེར་རྒྱུན་ལྡན་ཡོང་བར་བྱེད་པ། བྱ་བ་ཡང་དག་པར་བསྒྲུབ་པ་དང་ཡང་དག་པའི་བྱ་བ་བསྒྲུབ་པ། དུས་ཚོད་ཀྱི་གྲོགས་པོ་བྱས་ཏེ། གཏན་ཤུགས་དང་མཉེན་ཆ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་ན། ཏང་གི་མགོ་ཁྲིད་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཁེ་ལས་དང་འཁོར་ཁང་། ཚན་ཆུང་དུ་སྒྲོག་པ། རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་སྐྲུན་གྱི་གཞི་རྩ་བརྟན་པོ་འདིང་བ་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་སྒུལ་ཤུགས་ཆེར་བསྐྱེད་པ། རྒྱལ་དབང་ཁེ་ལས་ཀྱི་ལས་བཟོ་བའི་སེམས་ཤུགས་གཅིག་ཏུ་བསྡུས་ནས། སློབ་སྦྱོང་དང་ལག་བསྟར་གྱི་གྲུབ་འབྲས་རྒྱལ་དབང་ཁེ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་དངོས་ལ་བསྒྱུར་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱི་རྒྱལ་དབང་ཁེ་ལས་ཀྱི་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་དང་བཅོས་སྒྱུར་དབུལ་ཐར་ལ་སྐུལ་འདེད་གཏོང་བ། ཏང་གི་མགོ་ཁྲིད་དང་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་སྐོར་ཀྱི་གནས་ཚུལ་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་ལྗང་མདོག་ཐཱན་ཉུང་དང་འཁོར་སྐྱོད་སྒོས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་མ་ལག་མྱུར་དུ་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ལག་བསྟརབསམ་འཆར་དང་སྔོན་རྩིས་དོ་དམ་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར། ཚད་གཞི་མཐོ་བའི་ཚོང་རའི་མ་ལག་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་སྤེལ་བའི་སྐོར་གྱི་ལག་བསྟར་བསམ་འཆར། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་འཛུགས་སྐྲུན་བྱེད་པའི་ཚན་རྩལ་དང་རིག་སྟོབས་ཀྱི་འདེགས་སྐྱོར་འགན་སྲུང་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ བསམ་འཆར། སྲིད་དོན་གཞི་གྲངས་མཉམ་སྤྱོད་བྱེད་པའི་མཐུན་སྦྱོར་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་གཞི་གྲངས་རིམ་ལྡན་མཉམ་སྤྱོད་བྱེད་པའི་སྐོར་གྱི་བྱ་བའི་ཇུས་གཞི། མཚོ་སྔོན་ཞིང་ཆེན་གྱི་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ལག་བསྟར་ཇུས་གཞི། མཚོ་སྔོན་ཞིང་ཆེན་གྱི་རྒན་གསོ་བཅོལ་གཉོར་ཞབས་ཞུ་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ། རྩལ་སློབ་མཉམ་བསྲེས་གཏིང་ཟབ་བྱས་ནས་ན་གཞོན་ལོ་ཆུང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་རིམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་ཡང་ན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྐྱེ་ཁམས་ཁོར་ཡུག་གནས་བབ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ཡོངས་འགྲུབ་གནས་ཚུལ་ཡར་ཞུ་བྱེད་པའི་སྐོར་གྱི་བྱེད་ཐབས་བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

རིན་ཆེན་མཚོས་བསྒྱུར།