ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཟི་ལིང་ནས་སྔ་གཞུག་ཏུ་ཉིས་སྟོང་ཉེར་གཅིག་ལོའི་རྒྱུད་གཅིག་ལམ་གཅིག་དག་གཙང་ནུས་ཁུངས་འཕེལ་རྒྱས་གླེང་སྟེགས་ལ་ཞུགས་པའི་རྒྱལ་ཁབ་ནུས་ཁུངས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ལིའུ་གོ་ཡའོ་དང་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཅང་དབྱི། ཀྲུང་གོ་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཀུའུ་ཅུན། ཀྲུང་གོ་ཀོང་ཏུང་ཉིང་རྡུལ་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་དབྱང་ཁྲང་ལིས། ཀྲུང་གོ་ཚན་རྩལ་སློབ་ཆེན་གྱི་སློབ་གཙོ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་པོ་ཞིན་ཧི་སོགས་མགྲོན་པོ་ལ་ཐུག་འཕྲད་བྱས།
ཞིན་ཁྲང་ཞིང་གིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གླེང་སྟེགས་ལ་ཞུགས་པའི་མགྲོན་པོ་རྣམས་ལ་དགའ་བསུ་ཞུས་པ་དང་། མགྲོན་པོ་རྣམས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཞིན་ཁྲང་ཞིང་གིས་བཤད་དོན། མཚོ་སྔོན་གྱི་ས་རྒྱ་ཆེ་ཞིང་ས་བབ་དམིགས་བསལ་ཡིན་ལ། ཐོན་ཁུངས་ཕུན་སུམ་ཚོགས་པ་སོགས་ཀྱི་ཁྱད་སྟོབས་གང་མང་ལྡན་པ་དང་། དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བར་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པ་དང་རེ་བ་མངོན་གསལ་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས། མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་རྐང་བཙུགས་ཏེ། ཧུར་ཐག་སྒོས་གསར་དར་ཐོན་ལས་གསོ་སྐྱོང་བྱེད་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གྱི་དམིགས་ས། ལྗང་མདོག་སྐྱེ་ལྡན་ཞིང་ཐོན་དངོས་རྫས་ཕྱིར་གཏོང་ས་གསར་སྐྲུན་བྱེད་དགོས་པ་གསལ་བོར་བསྟན། དེང་སྐབས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། རྒྱལ་ཡོངས་ཀྱི་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་དམིགས་འབེན་ལ་ཞབས་འདེགས་ཞུ་རྒྱུ་གཅིག་སྡུད་བྱེད་པ་དང། དག་གཙང་ནུས་ཁུངས་གསར་སྤེལ་འགུལ་སྐྱོད་དང་རྣམ་པ་གསར་པའི་གློག་ཤུགས་མ་ལག་གསར་སྐྲུན་འགུལ་སྐྱོད། དག་གཙང་ནུས་ཁུངས་ཚབ་བྱེད་འགུལ་སྐྱོད། གསོག་ནུས་སྣ་མང་ཅན་གསར་སྐྲུན་འགུལ་སྐྱོད། ཐོན་ལས་རིམ་འཕར་སྐུལ་སྤེལ་འགུལ་སྐྱོད། འཕེལ་རྒྱས་རྐྱེན་སྲོལ་འཛུགས་སྐྲུན་འགུལ་སྐྱོད་བཅས་འགུལ་སྐྱོད་ཆེན་པོ་དྲུག་ལག་བསྟར་ནན་མོ་བྱེད་པ། ཚད་གཞི་མཐོ་ཞིང་སྤུས་ཚད་ལེགས་པའི་སྒོ་ནས་རྒྱལ་ཁབ་ཀྱི་དག་གཙང་ཐོན་ལས་ཀྱི་མཐོ་སའི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་དབྱང་གི་ཁེ་ལས་དང་མཐོ་རིམ་སློབ་གྲྭས་ཧུར་ཐག་སྒོས་ལག་རྩལ་དང་མ་དངུལ། ཚོང་ར། འཇོན་མི་སོགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། དག་གཙང་ནུས་ཁུངས་གསར་སྐྲུན་དང་གསོག་ནུས་ལག་རྩལ་ཞིབ་འཇུག ཕྱོགས་བསྡུས་ནུས་ཁུངས་གཞི་གཅིག་ཅན་གྱི་རྟེན་གཞི། ཕྱི་སྐྱེལ་བགྲོད་ལམ། ཐཱན་ཕྱིར་གཏོང་མི་བྱེད་པའི་ཐོན་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་དུ་ནུས་ཁུངས་གསར་པའི་འཕེལ་རྒྱས་ཐད་ལ་བཀོད་སྒྲིག་ལེགས་པོ་བྱེད་པར་ཤུགས་སྣོན་པ་དང་། མཚོ་སྔོན་དུ་མ་དངུལ་གཏོང་ཤུགས་སྔར་ལས་ཇེ་ཆེར་གཏོང་བ། དངུལ་གཏོང་ཁྱབ་ཁོངས་རྒྱ་བསྐྱེད་ནས། མཚོ་སྔོན་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་སར་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་དགོས།
མགྲོན་པོ་རྣམས་ཀྱིས་བཤད་དོན། མཚོ་སྔོན་ལ་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་ཁྱད་སྟོབས་མངོན་གསལ་ལྡན་པས། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་པའི་གོ་སྐབས་བཟང་པོ་དང་དམ་དུ་སྦྲེལ་ནས། འབྲེལ་འདྲིས་དང་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་པ་དང་་ཧུར་ཐག་སྒོས་མཉམ་ལས་ལས་གཞི་མྱུར་དུ་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། མཉམ་ལས་རྒྱ་བསྐྱེད་ཅིང་ཧུར་ཐག་སྒོས་མཉམ་རྒྱལ་མངོན་འགྱུར་བྱེད་ངེས་ཡིན་ཟེར།
དེའི་སྐབས་སུ་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་སྡེ་ཚོགས་ཚད་ཡོད་ཀུང་ཟི་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་དང་ཧྲིན་ཀྲང་གཞོན་པ་ཀྲང་ལིས་གཉིས་ཀ་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།