ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་རང་ཞིང་གི་བོད་ཀྱི་ས་གདན་ཐོན་ལས་ལ་རྟོག་ཞིབ་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་གང་ལེགས་བྱས་ཏེ། ཐོན་ཁུངས་དང་ཐོན་རྫས་མིང་གྲགས་ཅན། ཐོན་ལས་སོགས་ཀྱི་ཁྱད་སྟོབས་ལ་བརྟེན་ནས་མུ་མཐུད་དུ་གསར་སྐྲུན་ནུས་ཤུགས་ཇེ་ཆེར་བཏང་ནས། བོད་ཀྱི་ས་གདན་ཐོན་ལས་དེ་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་འཛམ་གླིང་དུ་བསྐྱོད་པའི་མིང་གྲགས་ཐོན་རྫས་དང་མང་ཚོགས་ལས་ཀར་ཞུགས་པའི་ཐབས་ལམ་གཙོ་བོ། གྲོང་གསེབ་དར་སྤེལ་བྱེད་པའི་ཐོན་ལས་གཙོ་བོ། མི་རིགས་མཐུན་སྒྲིལ་ཡོང་བའི་སྒྲོག་ཐག་ལྟ་བུར་འགྱུར་བར་བྱེད་དགོས།
མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཧི་མ་ལ་ཡ་ས་གདན་ཚད་ཡོད་ཀུང་ཟི་རུ་ཞིན་ཁྲང་ཞིང་གིས་ཐོན་སྐྱེད་ཀྱི་གོ་རིམ་དང་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། ཐོན་རྫས་འགྲེམ་སྟོན་སོགས་ལ་ལྟ་ཞིབ་བྱས་པ་དང་། མ་བཅོས་རྒྱུ་ཆ་དང་བཟོ་རྩལ་སྒྲིག་ཆས། ཇུས་གཞིའི་ཞིབ་འཇུག་དང་གསར་བཟོ། ཚོང་རའི་ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས།
དེའི་རྗེས་སུ་འཚོགས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ཞིན་ཁྲང་ཞིང་གིས་འབྲེལ་ཡོད་ཁེ་ལས་དང་ལས་ཁུངས་ཀྱིས་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཁོས་བཤད་དོན། ཁྱད་ཆོས་ནི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་གཙོ་བོ་དང་ཕན་འབྲས་དངོས་ཐོབ་པའི་གཞི་རྩ་ཡིན། བོད་ཀྱི་ས་གདན་ཐོན་ལས་དེ་མཚོ་སྔོན་ལ་མཚོན་ན་ཁྱད་ལྡན་ཐོན་ལས་ཡིན་པར་མ་ཟད་རིག་གནས་རྒྱུན་འཛིན་བྱེད་པ་ཡིན་ལ། ལས་ཞུགས་དང་དམངས་ཚིས་ལ་འབྲེལ་བ་ཡོད་པ་ནི་མཚོ་སྔོན་གྱི་མིང་བྱང་ཞིག་དང་ཁྱད་སྟོབས་ཤིག་ཡིན་པར་མ་ཟད། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་མཚོན་བྱེད་ཅིག་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་ནུས་པ་གལ་ཆེན་འདོན་བཞིན་ཡོད།
ཞིན་ཁྲང་ཞིང་གིས་བསྟན་དོན། ད་ལོའི་ཟླ་དྲུག་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་ཞིང་གི་བོད་ཀྱི་ས་གདན་ཁེ་ལས་ལ་གཟིགས་ཞིབ་གནང་བ་དང་། དེ་ལས་མི་རིགས་ཁྱད་ལྡན་ཐོན་ལས་ལ་ཐུགས་ཁུར་གནང་བ་དང་བོད་ཀྱི་ས་གདན་ཁེ་ལས་དང་ཐོན་ལས་གཉེར་མཁན་ལ་སྐུལ་མ་བཏང་བ་མཚོན་པར་བྱས་པ་དང་། མཚོ་སྔོན་གྱི་བོད་ཀྱི་ས་གདན་ཐོན་ལས་འཕེལ་རྒྱས་ཐད་ལ་སྟོབས་ལྡན་སྒུལ་ཤུགས་འདོན་སྤྲོད་བྱས། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཁེ་ལས་སྟོབས་ལྡན་དུ་གཏོང་དགོས་ལ། ཐོན་རྫས་དང་བཟོ་རྩལ། ལག་རྩལ། ཚད་གཞི་སོགས་གསར་སྐྲུན་བྱེད་པར་བརྟེན་པ་དང་། སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་ལག་རྩལ་སྐྱེ་ལྡན་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས། ཁེ་ལས་ཀྱི་འགྲན་རྩོད་སྲོག་ཤིང་ནུས་པ་ཇེ་ཆེར་གཏོང་དགོས། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ་དང་ཕན་ཚུན་ལ་སྐུལ་སྤེལ་བྱས་ཏེ། བོད་ཀྱི་ས་གདན་ཐོན་ལས་འཕེལ་རྒྱས་ཁྲོད་དམངས་ཚིས་ལེགས་བཅོས་ཀྱི་དོན་སྙིང་བསྩལ་བ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས་ལ། ཁེ་ཕན་མཉམ་འབྲེལ་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ཐོན་ལས་ཀྱིས་སྣེ་ཁྲིད་པའི་ལས་ཞུགས་ཡོང་འཕར་ལ་ཡིད་འཇོག་བྱེད་པ། བོད་ཀྱི་ས་གདན་ཐོན་ལས་ཀྱིས་མི་རིགས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་སུ་ནུས་པ་ཆེན་པོ་འདོན་དགོས། བྱེད་ཐབས་སྣ་མང་སྤྱོད་པ་དང་ཕྱོགས་བསྡུས་ཇུས་བསྟར་བྱེད་དགོས་ལ། ཐོན་ལས་དང་དངུལ་རྩ། ནོར་ཁྲལ། ས་ཞིང་ལེགས་སྒྲིག་བྱེད་པ་སོགས་ཀྱི་སྲིད་ཇུས་ལེགས་སྒྱུར་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། བོད་ཀྱི་ས་གདན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཅིག་འདུས་ཆགས་པར་བྱེད་པ་དང་། འཁོར་སྐྱོད་མ་རྩ་ཇེ་དམའ་རུ་གཏོང་བ། དངུལ་རྩའི་ཞབས་ཞུ་ལ་ཤུགས་སྣོན་ཞིང་ཁེ་ལས་བཅོས་སྒྱུར་མྱུར་དུ་ལག་བསྟར་བྱས་ནས། བོད་ཀྱི་ས་གདན་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཁྲིན་རོས་ཧྥིན་རྟོག་ཞིབ་ལ་ཞུགས་པ་དང་དབྱང་ཧྥིན་ཁྲུན་རྟོག་ཞིབ་ལ་ཞུགས་པར་མ་ཟད་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།