ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་སྒྱུར་བཀོད་རིམ་འཕར་རྗེས་ཀྱི་མཚོ་སྔོན་རྟེན་མཛོད་ཁང་དུ་སོང་སྟེ་འགྲེམ་སྟོན་སྣ་ཁ་བཞི་ལ་ལྟ་ཞིབ་བྱས། ཁོས་བསྟན་དོན། རིག་གནས་ནི་མི་རིགས་ཀྱི་ཁྲག་རྒྱུན་ཡིན་ལ། དཔལ་ཡོན་ནི་མི་རིགས་ཀྱི་བླ་སྲོག་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་དང་དཔལ་ཡོན་ནི་མི་རིགས་སོ་སོའི་ཡུན་རིང་གི་བསམ་བློའི་ཁྱིམ་གཞིས་ཡིན། ལོ་རྒྱུས་ཆེན་པོའི་ལྟ་བར་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་ཆགས་སྟངས་གསལ་བོར་ཤེས་པར་བྱེད་པ་དང་། རིག་གནས་རངརྟོན་དང་དཔལ་ཡོན་རང་རྟོན་ཇེ་བརྟན་དུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས།
ཝང་ཅན་ཅུན་གྱིས་སྔ་གཞུག་ཏུ་མཚོ་སྔོན་ལོ་རྒྱུས་རིག་དངོས་འགྲེམ་སྟོན་དང་མཚོ་སྔོན་གནའ་རྫས་དཔྱད་ཞིབ་གྲུབ་འབྲས་འགྲེམ་སྟོན། མཚོ་སྔོན་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན། ལོ་བརྒྱའི་མཚོ་སྔོན་གསར་བརྗེ་རིག་དངོས་དཀར་ཆག་འགྲེམ་སྟོན་བཅས་ལ་ལྟ་ཞིབ་བྱས། ཁོས་བསྟན་དོན། ཞིང་ཆེན་རྟེན་མཛོད་ཁང་གིས་འགྲེམ་སྟོན་ཁང་དུ་ཉར་ཚགས་བྱས་པའི་ཐོན་ཁུངས་དང་རྟེན་མཛོད་ཁང་གི་མཉམ་འབྲེལ་ཐོན་ཁུངས་ལ་བརྟེན་ནས་མཚོ་སྔོན་གྱི་ཕུན་སུམ་ཚོགས་ཤིང་འོད་སྟོང་འབར་བའི་རིག་གནས་དང་དཔལ་ཡོན་མངོན་པར་བྱས་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བསླབ་གཞི་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་པ་རེ་རེ་ཡིས་མཐོང་རྗེས་གཟི་བརྗིད་ཀྱི་ཚོར་སྣང་སྐྱེས་ངེས། མཚོ་སྔོན་ལ་དགའ་ཞེན་བྱེད་ན་ཐོག་མར་མཚོ་སྔོན་གྱི་ལོ་རྒྱུས་ལ་དགའ་ཞེན་ཆེ་དགོས་པ་དང་། འགྲེམ་སྟོན་གྱིས་མཚོ་སྔོན་གྱི་སྤྱི་ཚོགས་ལོ་རྒྱུས་དང་མི་གཞུང་ལོ་རྒྱུས། གསར་བརྗེ་ལོ་རྒྱུས་ཡོངས་སུ་མངོན་པར་བྱས་ཡོད་པས། རྟེན་མཛོད་ཁང་འཛུགས་སྐྲུན་བཟང་པོ་དང་དོ་དམ་བཟང་པོ། བཀོལ་སྤྱོད་བཟང་པོ་བཅས་བྱེད་དགོས་ལ། མཚོ་སྔོན་གྱི་རིག་གནས་གཏམ་རྒྱུད་གང་ལེགས་སྒོས་བརྗོད་པ་དང་མཚོ་སྔོན་གྱི་དཔལ་ཡོན་སྣང་བརྙན་མངོན་པར་བྱེད་དགོས། ཝང་ཅན་ཅུན་གྱིས་ད་དུང་ཞིང་ཆེན་རྟེན་མཛོད་ཁང་གི་རིག་གནས་གསར་སྐྲུན་ཐོན་རྫས་ཇུས་གཞི་དང་ཐོན་སྐྱེད། ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས།
ཝང་ཅན་ཅུན་གྱིས་བསྟན་དོན། ལོ་རྒྱུས་ཀྱིས་རིག་གནས་བསྐྱེད་ཅིང་དཔལ་ཡོན་བསགས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་བློའི་མཚོན་རྟགས་གསར་སྐྲུན་བྱས་ཡོད་པས། དེ་ནི་ང་ཚོའི་རིན་ཐང་བྲལ་བའི་གཅེས་ནོར་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་དང་དཔལ་ཡོན་ཐད་གནང་བའི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་རིག་གནས་དང་དཔལ་ཡོན་ཚེ་སྲོག་ནུས་ཤུགས་ཡིན་པའི་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་ངོས་འཛིན་ཟབ་མོ་བྱས་ནས། མི་རིགས་སོ་སོ་སེ་འབྲུ་བཞིན་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་མཐུན་བྱེད་པའི་བསམ་བློའི་རྨང་གཞི་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། རིག་གནས་དར་རྒྱས་སུ་གཏོང་བ་དང་དཔལ་ཡོན་ལ་སྐུལ་སྤེལ་བྱེད་པ་ནི་ཏང་གི་བྱ་བ་གཙོ་བོ་ཡིན་པས། དྲག་གཞག་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་སྔོན་ཐོན་རིག་གནས་འཕེལ་རྒྱས་སུ་གཏོང་བ། དཔལ་ཡོན་ལྡན་པའི་རྣམ་པ་བཟང་པོ་ཆགས་པར་བྱས་ནས། ཀྲུང་ཧྭའི་རིག་གནས་དཔལ་ཡོན་ལ་བསམ་བློའི་ཤན་ཤུགས་དང་བསམ་བློའི་འབོད་སྐུལ་ནུས་ཤུགས། རིན་ཐང་འགུག་ཤུགས། མི་རིགས་གཅིག་སྡུད་ནུས་ཤུགས་བཅས་ལྡན་པར་བྱེད་པ་དང་། སྔར་ལས་བཟང་བའི་སྒོ་ནས་ལོ་རྒྱུས་མེ་ལོང་དུ་བཟུང་ནས་མ་འོངས་པ་གསར་སྐྲུན་བྱེད་དགོས།
ཀྲའོ་ཡུའོ་ཞ་ལྟ་ཞིབ་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།