ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ནི་ཁྱོན་ཡོངས་གཉིས་ཀྱི་བསྣོལ་མཚམས་དང་བརྒྱ་ལོ་གཉིས་ཀྱི་འདྲེས་མཚམས་སུ་ཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཏང་གི་ཆོས་ལུགས་བྱ་བའི་ལག་ལེན་གྱི་ཆེས་གསར་བའི་སྤྱི་བསྡོམས་ཡིན་ལ། མར་ཁེ་སི་རིང་ལུགས་ཆོས་ལུགས་ལྟ་བ་དང་ཀྲུང་གོའི་བྱེ་བྲག་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་དང་ཟུང་འབྲེལ་བྱེད་པའི་ཆེས་གསར་བའི་གྲུབ་འབྲས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆོས་ལུགས་རིགས་གཞུང་གི་ཆེས་གསར་བའི་འཕེལ་རྒྱས་ཡིན་ལ། དེས་ཆོས་ལུགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པར་མདུན་བསྐྱོད་ཁ་ཕྱོགས་བསྟན་པ་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། ཀྲུའུ་ཞི་ཝང་དབྱང་གི་སྤྱི་བསྡོམས་གསུང་བཤད་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་དབང་ཟིལ་འགྲེལ་བཤད་བྱས་པ་ཡིན་ལ། རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་རྒྱུས་ལོན་ཟབ་མོ་བྱེད་པའི་གསེར་གྱི་ལྡེ་མིག་ལྟ་བུ་ཡིན་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་ཏེ་ཕན་འབྲས་ཐོབ་པའི་ཕྱོགས་སྟོན་འཁོར་ལོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུའུ་ཞི་ཝང་དབྱང་གི་སྤྱི་བསྡོམས་གསུང་བཤད་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་དུས་རབས་གསར་བའི་ཏང་གི་ཆོས་ལུགས་བྱ་བའི་རིགས་གཞུང་དང་བྱེད་ཐབས་སྲིད་ཇུས་ལ་གོ་བ་ཟབ་མོ་ལེན་པ་དང་། སྲོག་ཤིང་དོན་སྙིང་དང་བསམ་བློའི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་རེ་བ་བཅས་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས་ལ། སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་དང་ཤེས་རྟོགས་དང་བྱ་སྤྱོད་གཅིག་གྱུར་བྱེད་དགོས། དུས་རབས་གསར་བའི་ཏང་གི་ཆོས་ལུགས་བྱ་བའི་སྤྱིའི་རེ་བ་དང་ལས་འགན་གཙོ་བོ་ཁོང་དུ་ཆུད་པར་བྱས་ཏེ། ཇི་མ་ཇི་བཞིན་དུ་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་ཏུ་འཇུག་དགོས། མཚོ་སྔོན་ཆོས་ལུགས་བྱ་བ་བཟང་བོར་བསྒྲུབ་པའི་ཐལ་སྐྱོད་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་གི་ཆོས་ལུགས་བྱ་བའི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་པ། ཆོས་ལུགས་བྱ་བ་བཟང་བོར་བསྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་འཇོན་མིའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བརྒྱད་པ་ཚོགས་འགོ་བརྩམས་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་ལས་བཅོས་སྒྱུར་དང་འཇོན་མི། ཕྱི་འབྲེལ་བཅས་གཅིག་སྡུད་བྱས་ཡོད་པ་དང་ཏང་སྐྱོང་དང་རྒྱལ་སྐྱོང་། དམག་སྐྱོང་བཅས་གསལ་བོར་ཤེས་པར་བྱས་ཡོད་ལ། ནང་སྲིད་དང་ཕྱི་འབྲེལ། རྒྱལ་སྲུང་བཅས་བརྒྱུས་ཡོད། ཀྲུང་དབྱང་བཅོས་སྒྱུར་ཟབ་སྤེལ་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་གཤིབ་བསྡུར་བྱས་ཏེ། ཀྲུང་དབྱང་གི་རིམ་མཐོའི་ཇུས་གཞི་དངོས་འབེབས་བྱེད་པ་དང་རྒྱུན་མཐུད་བྱེད་པ་དང་། ད་ལོའི་བཅོས་སྒྱུར་བྱ་བར་སྤྱི་བསྡོམས་ནན་མོ་བྱེད་དགོས་ལ། མཐོ་ས་བསྐྲུན་པ་དང་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ཏེ་སང་ལོའི་བཅོས་སྒྱུར་ལས་འགན་ལ་ཇུས་གཞི་བཟང་བོ་འགོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་འཇོན་མིའི་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་འཇོན་མིའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་བརྒྱུས་ཏེ་སློབ་སྦྱོང་བྱེད་པ་དང་གཅིག་གྱུར་འཆར་འགོད་བྱས་ནས་དངོས་འབེབས་བྱེད་པ། ས་གནས་ཀྱིས་དམག་དཔུང་གི་འཇོན་མིའི་འཕེལ་རྒྱས་ལ་ཞབས་འདེགས་བཟང་བོ་ཞུ་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དམག་དམངས་འཇོན་མི་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བའི་ཐབས་ལམ་གསར་བར་འཚོལ་ཞིབ་བྱེད་དགོས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གོ་སྐབས་སུ་བཟུང་སྟེ། དུས་རབས་གསར་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་མཚོ་སྔོན་གྱིས་བྱས་རྗེས་འཇོག་དགོས།
ཚོགས་ཐོག་ནས་བསྟན་དོན། གྲོང་གསེབ་འཚོ་བའི་གད་སྙིགས་བཅོས་སྐྱོང་ལ་ཤུགས་སྣོན་པ་ནི་མཚོ་སྔོན་གྱི་དོན་ཆེན་ཞིག་ཡིན་ལ། དེ་ལས་མངོན་པར་བྱེད་པ་ནི་གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་ཡིན་པ་དང་། མཚོན་པར་བྱེད་པ་ནི་སྡོད་དམངས་ཀྱི་དཔལ་ཡོན་ཚད་རིམ་ཡིན། འཚོ་བའི་གད་སྙིགས་ཐག་གཅོད་པའི་ཐབས་ལམ་བཙལ་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པར་སྣེ་ཁྲིད་བྱེད་པ་དང་། བཙོག་ཆུ་ཉུང་འདོན་དང་ཐཱན་ཉུང་རོགས་ལས་ཀྱི་ཕན་འབྲས་འཕར་བ་མངོན་འགྱུར་བྱེད་པ་དམ་འཛིན་བྱེད་པ། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱེད་པ་ནང་དོན་ཡིན་པ། མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་གོ་སྐབས་སུ་བཟུང་སྟེ། འཚོ་བའི་གད་སྙིགས་ཀྱི་བརྒྱུད་རིམ་ཡོངས་ཀྱི་མ་ལག་བཅོས་སྐྱོང་ལ་སྔར་ལས་ཤུགས་སྣོན་པ་དང་། འཚོ་བའི་གད་སྙིགས་ཇེ་ཉུང་ཅན་དང་ཐོན་ཁུངས་ཅན། གནོད་མེད་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། འགན་འཁྲི་དངོས་འབེབས་བཟང་བོ་བྱས་ཏེ། མཉམ་འབྲེལ་ལ་ཤུགས་སྣོན་ཞིང་ཡུལ་བབ་དང་བསྟུན་པ་དང་། ཁོར་ཡུག་སྲུང་སྐྱོབ་དང་མི་རེ་རེར་འགན་འཁྲི་ཡོད་པའི་འདུ་ཤེས་ཇེ་དྲག་གཏོང་བ། བྱ་དགའ་སྟེར་བ་དང་ཆད་པ་གཅོད་པའི་རྐྱེན་སྲོལ་འཛུགས་པ། བཅོས་སྐྱོང་ཞན་ཆ་ཁ་གསབ་བྱེད་པ། གད་སྙིགས་བཅོས་སྐྱོང་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པར་མ་ཟད་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་དམིགས་འབེན་སྔར་མོ་ནས་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་དགོས།
ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་གྲོང་གསེབ་འཚོ་བའི་གད་སྙིགས་བཅོས་སྐྱོང་ལ་ཤུགས་སྣོན་པའི་འགུལ་སྐྱོད་ཇུས་གཞི་ལ་གྲོས་ཞིབ་བྱས་པ་དང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།