ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་ཁྱབ་སྒྲོག་ཚོགས་འདུ་བསྡུས།
2021.12.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བཅུ་གཉིས་པའི་ཚེས་ཚེས་དགུ་ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱབ་སྒྲོག་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུའུ་ཞི་ཝང་དབྱང་རྣམ་གཉིས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དེ་མིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཚོགས་ཐོག་ནས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་ཆོས་ལུགས་རིག་པའི་ཞིབ་འཇུག་ཆེད་མཁས་པ་དགུ་ཡིས་བརྗེ་རེས་གཏམ་བཤད་སྤེལ་བ་དང་། ཚང་མས་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ལ་གདེང་འཇོག་ཆེན་པོ་གནང་བར་མ་ཟད་གྲོས་ཚོགས་ཀྱི་དགོངས་དོན་ལ་ཅིས་ཀྱང་སློབ་སྦྱོང་བཟང་པོ་བྱེད་པ་དང་ལག་བསྟར་ནན་མོ་བྱེད་རྒྱུའི་ཚུལ་བསྟན།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུའུ་ཞི་ཝང་དབྱང་རྣམ་གཉིས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཟང་པོ་བྱེད་པ་ནི་དེང་སྐབས་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། བློ་བརྟན་འགྱུར་མེད་སྒོས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་བློ་བརྟན་འགྱུར་མེད་སྒོས་ཁྲིམས་ལྟར་ཆོས་ལུགས་ལས་དོན་བསྒྲུབ་པ་དང་མཐུན་སྒྲིལ་སྒོས་ཆོས་ལུགས་ལས་དོན་བསྒྲུབ་དགོས། ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཆབ་སྲིད་ཐད་ནས་བློ་གཏད་ཆོག་པ་དང་ཆོས་ལུགས་ཐད་ནས་ཤེས་རྒྱ་ཡོད་པ། ཀུན་སྤྱོད་ཐད་ནས་ཀུན་གྱིས་ཁས་ལེན་པ། གནད་འགག་སྐབས་སུ་ནུས་པ་ཐོན་པ་བཅས་བྱས་ནས། ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་པ་ཡོང་བར་ཡར་སྐུལ་བྱེད་པའི་སྟོབས་ཤུགས་ཆེན་པོ་རུ་འགྱུར་བར་བྱེད་དགོས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས།

དབྱང་ཧྥིན་ཁྲུན་གྱིས་ཆོས་ལུགས་ཚོགས་པ་སོ་སོ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་སྣེ་ཁྲིད་གང་ལེགས་བྱེད་དགོས་ལ། དོན་དངོས་དང་ཟུང་འབྲེལ་བྱས་ནས་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཆོས་ལུགས་ཞི་མཐུན་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བཅས་སྲུང་སྐྱོང་བྱེད་དགོས་པའི་རེ་བ་བཏོན།

                                                                                         བཀྲ་ཤིས་འབུམ་གྱིས་བསྒྱུར།