ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་དང་ཞིང་སྡེའི་སྦྲག་སྐུར་དངོས་རྒྱུག་མ་ལག་འཛུགས་སྐྲུན། ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པའི་ངལ་རྩོལ་འགན་སྲུང་ཁེ་དབང་སྲུང་སྐྱོབ་བྱེད་པ། ཆུ་བོ་དང་མཚོའུ་ཆུ་ཁོངས་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བར་སྟོང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
ཚོགས་ཐོག་ནས་བསྟན་དོན། སྐྱེ་ཁམས་དཔལ་འབྱོར་ནི་རང་ཞིང་གིས་གསོ་སྦྱོང་བྱེད་པའི་དཔལ་འབྱོར་རྣམ་པ་བཞིའི་ནང་གི་གཅིག་ཡིན་པའི་ཆ་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པའི་བྱ་བ་གཙོ་བོ་དང་རི་གཉིས་རིགས་གཞུང་ལག་ལེན་བྱེད་པའི་བྱེ་བྲག་འགུལ་སྐྱོད་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་དང་དངོས་འབེབས་བཟང་བོ་བྱེད་པ་དང་། མཚོ་སྔོན་གྱི་ཐོན་ཁུངས་ཁྱད་སྟོབས་ལ་རྐང་བཙུགས་ཏེ། སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་དམིགས་འབེན་དུ་འཛིན་པ་དང་གནས་བཞི་འཛུགས་སྐྲུན་ཀྱིས་སྣེ་ཁྲིད་བྱེད་དགོས་ལ། སྐྱེ་ཁམས་ཁྱད་སྟོབས་དེ་ཐོན་ལས་ཁྱད་སྟོབས་དང་དཔལ་འབྱོར་ཁྱད་སྟོབས། འཕེལ་རྒྱས་ཁྱད་སྟོབས་སུ་བསྒྱུར་དགོས་པ་དང་། སྐྱེ་ཁམས་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་སྐྱེ་ཁམས་སྦས་ཤུགས་སྔར་ལས་སྔོག་འདོན་བྱེད་པ། སྐྱེ་ཁམས་ཁེ་ཕན་རྒྱ་བསྐྱེད་དགོས་པར་མ་ཟད། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་གསར་བ་གསར་སྐྲུན་བྱེད་པ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་འབྱོར་མ་ལག་གསོ་སྐྱོང་དང་གསར་སྐྲུན་བྱེད་དགོས།
ཚོགས་ཐོག་ནས་བསྟན་དོན། ཞིང་སྡེའི་སྦྲག་སྐུར་དངོས་རྒྱུག་ནི་ཞིང་ཐོན་དངོས་རྫས་ཞིང་སྡེ་ནས་གྲོང་ཁྱེར་དུ་སྐྱེལ་འདྲེན་བྱེད་པ་དང་འཛད་སྤྱོད་ཐོན་རྫས་གཞི་རིམ་དུ་སྐྱེལ་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། ཞིང་སྡེའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དགོས་མཁོ་སྐོང་བ་དང་ཞིང་སྡེའི་འཛད་སྤྱོད་སྦས་ཤུགས་ཇེ་ཆེར་གཏོང་བ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཞིང་སྡེའི་སྦྲག་སྐུར་དངོས་རྒྱུག་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཤུགས་ཆེན་པོས་རོགས་ལས་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྒོ་འབྱེད་དམངས་ཕན་དང་ལེགས་བསྡུས་མཉམ་སྤྱོད། བདེ་འཇགས་ནུས་ལྡན། ཕྱོགས་གཉིས་ཀར་ཤར་སྐྱོད་བྱེད་པའི་ཞིང་སྡེའི་སྦྲག་སྐུར་དངོས་རྒྱུག་མ་ལག་མྱུར་དུ་ཆགས་པར་བྱེད་དགོས།
ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། ཁེ་ལས་ཀྱིས་ལས་བཟོ་བ་བཀོལ་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ཁེ་དབང་འགན་སྲུང་ལམ་ལུགས་དངོས་འབེབས་བྱེད་པ། ཁེ་དབང་འགན་སྲུང་ཞབས་ཞུ་ལེགས་སྒྱུར་བྱེད་པ། ཁེ་དབང་འགན་སྲུང་མཉམ་ཤུགས་གཅིག་སྡུད་བྱེད་པར་མ་ཟད། ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པའི་ངལ་རྩོལ་འགན་སྲུང་ཁེ་དབང་སྲུང་སྐྱོབ་བྱེད་པ་དང་། སྟེགས་བུའི་དཔལ་འབྱོར་ཚད་ལྡན་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བྱེད་དགོས།
ཚོགས་ཐོག་ནས་ཞིང་ཆེན་སྲིད་གཞུང་གི་ཉིས་སྟོང་ཉེར་གཉིས་ལོའི་ཁྲིམས་འཛུགས་བྱ་བའི་འཆར་འགོད་ཡར་ཞུ་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་ལག་བསྟར་ཇུས་གཞི་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།