མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས།
2021.12.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། 2022ལོའི་དུས་ཆེན་གཉིས་སྐབས་སུ་མཁར་གྲོང་གི་དཀའ་ཁག་ཅན་གྱི་མང་ཚོགས་ལ་ཐེངས་གཅིག་ལ་འཚོ་བའི་ཁ་གསབ་སྟེར་བ་དང་། 2021ལོའི་ཞིང་ཆེན་ཡོངས་ཀྱི་ཡིག་སྐུར་ངོ་གཏུག་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། སྐོར་ཐེངས་གསུམ་པའི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱེད་པར་ཞིབ་འཇུག་བྱས་ལ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

ཚོགས་ཐོག་ནས་བསྟན་དོན། དུས་ཆེན་གཉིས་སྐབས་སུ་མཁར་གྲོང་གི་དཀའ་ཁག་ཅན་གྱི་མང་ཚོགས་ལ་ཐེངས་གཅིག་ལ་འཚོ་བའི་ཁ་གསབ་སྟེར་རྒྱུ་ནི། དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པ་དང་། ཁོ་ཚོར་བདེ་འཇགས་ཀྱི་དགུན་དུས་ཞིག་རོལ་ཏུ་འཇུག་པ་དང་དྲོད་ཁོལ་ལྡན་པའི་དུས་ཆེན་ཞིག་རོལ་ཏུ་འཇུག་པའི་བྱེ་བྲག་གི་བྱེད་ཐབས་ཡིན་པས། འགུལ་རྣམ་དོ་དམ་ལ་ཤུགས་སྣོན་པ་དང་། ཁ་གསབ་སྟེར་བའི་བརྒྱུད་རིམ་ཚད་ལྡན་དུ་བསྒྱུར་བ། ཁ་གསབ་དུས་ཐོག་ཏུ་བྱིན་ནས། དཀའ་ཁག་ཅན་གྱི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་མྱོང་དུ་འཇུག་པ་དང་། དམངས་ཚིས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཡིག་སྐུར་ངོ་གཏུག་བྱ་བ་ནི་ཏང་དང་སྲིད་གཞུང་གིས་མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པའི་ཟམ་པ་དང་སྦྲེལ་ཐག་ལྟ་བུ་ཡིན་པས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། འགོ་ཁུངས་ནས་སྔོན་འགོག་བྱེད་པ་དང་སྔ་མོ་ནས་བཅོས་སྐྱོང་བྱེད་པ། ཐངས་མང་པོས་ཐག་གཅོད་པ་རྒྱུན་འཁྱོངས་བྱེད་པ། ཡིག་སྐུར་ངོ་གཏུག་བྱ་བའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ཡིག་སྐུར་ངོ་གཏུག་ཐད་ཀྱི་འགལ་རྩོད་ཉེན་ཁ་ཐག་གཅོད་བཟང་པོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། ཡིག་སྐུར་ངོ་གཏུག་ལམ་ལུགས་གྱི་བཅོས་སྒྱུར་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། ཡིག་སྐུར་ངོ་གཏུག་ལམ་ལུགས་ཀྱི་ཆ་ཚང་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཉམ་ལས་རང་བཞིན་ཇེ་དྲག་ཏུ་བཏང་ནས། ཡིག་སྐུར་ངོ་གཏུག་བྱ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ་སྲིད་ཇུས་ནི་རང་རྒྱལ་གྱི་རྩྭ་ཐང་འབྲོག་ཁུལ་གྱི་དངུལ་གཏོང་གཞི་ཁྱོན་ཆེས་ཆེ་བ་དང་ཁེབས་རྒྱ་ཆེ་ཆེ་བ། རོང་འབྲོག་མང་ཚོགས་ཆེས་མང་པོར་ཕན་འདོགས་པའི་ཞིང་ཕན་འབྲོག་ཕན་སྲིད་ཇུས་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་སྒྱུར་མཚོན་པའི་སྲིད་ཇུས་བཟང་པོ་ཡིན་པས། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལམ་ལུགས་བྱེད་ཐབས་འཐུས་ཚང་དུ་གཏོང་བ། འགན་འཁྲི་ལག་བསྟར་ཇེ་དྲག་ཏུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་ནན་མོ་བྱེད་པ། སྲིད་ཇུས་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ། སྲིད་ཇུས་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱེད་དགོས། རྩྭ་ཐང་ཁ་གསབ་བྱ་དགའ་སྲིད་ཇུས་ལག་བསྟར་བྱེད་པ་བརྒྱུད་དེ། མ་མཐུད་དུ་རང་བྱུང་རྩྭ་ཐང་གི་ཕྱུགས་འགོག་དང་རྩྭ་ཕྱུགས་དོ་མཉམ་ལམ་ལུགས་ལག་བསྟར་བྱེད་པ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་སྔར་ལས་ཤུགས་སྣོན་པ། ཕྱུགས་ལས་ཐོན་སྐྱེད་རྣམ་པ་བསྒྱུར་བར་སྐུལ་འདེད་གཏོང་བ། རྩྭ་ཐང་འབྲོག་ཁུལ་རྒྱུན་མཐུད་ངང་གཏན་འཇགས་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། སྐྱེ་ཁམས་བསྒྱུར་བ་དང་ཐོན་སྐྱེད་འཕེལ་རྒྱས། འཚོ་བ་མཐོར་འདེགས་གཏོང་བའི་མཉམ་རྒྱལ་གྱི་དམིགས་འབེན་མངོན་འགྱུར་བྱེད་དགོས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ལྕགས་ལམ་བདེ་འཇགས་དོ་དམ་བྱེད་ཐབས་འཆར་ཟིན་ལ་གྲོས་ཞིབ་བྱས་ཏེ་རྩ་དོན་སྟེང་གྲོས་འཆམ་བྱུང་བ་མ་ཟད་བསྟན་དོན། ལྕགས་ལམ་ནི་རྒྱལ་ཁབ་ཀྱི་རྨང་གཞི་སྒྲིག་ཆས་དང་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཡིན་པ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཁྲོད་ནུས་པ་གཙོ་བོ་འདོན་སྤེལ་བྱེད་བཞིན་ཡོད། རང་ཞིང་གི་ལྕགས་ལམ་བདེ་འཇགས་བྱ་བའི་མདུན་དུ་ལྷགས་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཁ་གཏད་དེ། དོ་དམ་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་། བྱ་བའི་རྐྱེན་སྲོལ་ཇེ་ལེགས་སུ་གཏོང་བ། མཉམ་ལས་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་བ། ལྕགས་ལམ་བདེ་འཇགས་ལ་འགན་སྲུང་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་སུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག ལོ་ལོན་ལས་དོན་དང་རྒན་གསོ་ཞབས་ཞུ་འཕེལ་རྒྱས་སུ་གཏོང་བ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་བཀོལ་སྤྱོད་སོགས་འཆར་འགོད་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།

རིན་ཆེན་མཚོས་བསྒྱུར།