ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་དང་དམངས་གཙོ་ཏང་ཁག་གི་འབྲེལ་ཡོད་མི་སྣའི་རྒྱལ་སྐྱོང་ཇུས་འབུལ་བཞུགས་མོལ་ཚོགས་འདུ་བསྡུས་ནས། སང་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་ཐད་ནས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་བསམ་ཚུལ་བསྡུ་ལེན་བྱས་པ་དང་། མཚོ་སྔོན་གྱི་དགེ་མཚན་དང་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་པའི་བརྗོད་སྙིང་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་ད་ལོའི་དཔལ་འབྱོར་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། སང་ལོའི་དཔལ་འབྱོར་བྱ་བའི་འབྲེལ་ཡོད་བསམ་གཞིགས་ངོ་སྤྲོས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས།
བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིའུ་ཐུང་ཏི་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏི་ཀྲི ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཅན། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲང་ཀྲིག་ཕིང་། མཚོ་སྔོན་ཞིང་ཆེན་ཏང་ཕྱིའི་ཤེས་ཡོན་པའི་མཐུན་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་ཧོའུ་ཧོང་པའོ་བཅས་ཀྱིས་གཏམ་བཤད་དེ། ཞིང་ཆེན་ཏང་ཨུའི་མིག་སྔར་གྱི་དཔལ་འབྱོར་གནས་བབ་ཐད་ཀྱི་དབྱེ་ཞིབ་བརྡར་གཅོད་དང་སང་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་འཆར་འགོད་བསམ་གཞིགས་ལ་འཐད་པ་བྱུང་བའི་ཚུལ་བསྟན་པ་མ་ཟད། དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་དམ་འཛིན་བྱེད་པ་དང་། ཕྱུགས་ལས་འཕེལ་རྒྱས་ཐད་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། མཐོ་སྒང་གི་ཁྱད་ལྡན་སོན་ལས་འཕེལ་རྒྱས་སུ་གཏོང་བ། གཞི་གྲངས་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་གཏོང་བ་བཅས་ལ་དམིགས་ནས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱས་ནས་ཚོང་ར་གཙོ་བོའི་གསོན་ཤུགས་ཆེར་སྐྱེད་པ་དང་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་པ་སོགས་ཐད་ནས་བསམ་འཆར་བཏོན།
ཝང་ཅན་ཅུན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཚང་མའི་གཏམ་བཤད་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྤྱི་ཁོག་གི་རེ་བ་ལག་བསྟར་བྱས་ཡོད་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཡོད་ལ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་བློ་འདོན་ཇུས་འབུལ་བྱས་ཡོད་པ་དང་། བཏོན་པའི་བསམ་འཆར་གནད་ལ་འཁེལ་ཞིང་གནས་ལུགས་བདེན་པ་དང་། སློབ་སྦྱོང་དང་ལག་ལེན། བསམ་གཞིགས་བཏང་བའི་གྲུབ་འབྲས་ཡིན་ལ། རྔུལ་ཆུ་དང་རིག་སྟོབས་ཀྱི་ཉིང་བཅུད་ཀྱང་ཡིན་པ་དང་། མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་ཐད་དཔྱད་གཞིའི་རིན་ཐང་ལྡན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བརྩི་བཀུར་གང་ལེགས་བྱེད་པ་དང་ཞིབ་འཇུག་ནན་མོ། བསྡུ་ལེན་ལེགས་པོ་བྱེད་རྒྱུ་ཡིན་ཟེར།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་ཆེས་ཆེ་བ་གསུམ་གྱི་ཚན་རིག་དང་མཐུན་པའི་གནས་ཐིག་གཏན་ཁེལ་དང་མཚོ་སྔོན་གྱི་བདེ་འཇགས་གསུམ་ཐད་བསྩལ་བའི་གོ་གནས་གལ་ཆེན་གྱི་གོ་སྐབས་གསར་བ་དམ་འཛིན་བྱེད་པ་དང་། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་དགེ་མཚན་གསར་བ་ལ་རྐང་འཛུགས་པ། མཐོ་ས་དང་གནས་བཞི་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གསར་བར་དོ་སྣང་བྱེད་པ། ཐོན་ལས་དང་པོ་ཆེ་མིན་དང་ཐོན་ལས་གཉིས་པར་ནུས་པ་ལྡན་མིན། ཐོན་ལས་གསུམ་བཟང་མིན་ལ་དམིགས་ནས་ཐོན་ལས་ཐད་ཀྱི་མི་འདང་ས་ཁ་གསབ་བྱེད་པ་དང་གསར་དར་གསར་བ་འཕེལ་རྒྱས་སུ་གཏོང་དགོས། ཤེས་ལྡན་མི་སྣ་དང་ཚན་རྩལ་སྒུལ་ཤུགས་ཀྱི་འགོ་ཁུངས་སུ་བྱས་ཏེ། ཐོན་ཁུངས་ནུས་ཁུངས་ཀྱི་མཐའ་མཚམས་བགར་བ་དང་ལམ་བུ་འཚོལ་བ་དང་། སྲིད་དོན་དང་ཁྲིམས་སྐྱོང་། ཚོང་ར། མི་གཞུང་གི་ཁོར་ཁུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པ། རྩོད་སྒྲུབ་སྒོས་སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ། འདྲ་མཉམ་དྲང་གཞག་གིས་རྒྱུ་ནོར་གསོག་པའི་ཁོར་ཡུག་བསྐྲུན་པ། ལོ་རྒྱུས་ཀྱི་བཟོད་སེམས་དང་སྔར་ཡོད་གཏན་ཤུགས་རྒྱུན་འཁྱོངས་བྱས་ནས་རྨང་གཞི་འདིང་པ་དང་ཡུན་རིང་ལ་འཆར་འགོད་བྱེད་པ། མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་དགོས། ཞིང་ཆེན་ཏང་ཨུས་སྔར་བཞིན་དུ་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་གི་རེ་བ་ལྟར་འགན་ནུས་བསྒྲུབ་པར་རྒྱབ་སྐྱོར་དང་སེམས་ཁུར་བྱེད་པ་དང་། རང་ཞིང་གི་ཏང་མང་མཉམ་ལས་ཀྱི་ལས་དོན་དང་དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་དེ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་ནས། མཉམ་དུ་མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དང་མཚོ་སྔོན་ལ་བྱས་རྗེས་འཇོག་དགོས།
ཞིན་ཁྲང་ཞིང་གིས་བསྟན་དོན། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་གཏམ་བཤད་ཀྱི་ལངས་གནས་མཐོ་བ་དང་། རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་ཡིད་ལ་བཟུང་ཞིང་། འགན་ནུས་དང་ནུས་པ་འདོན་སྤེལ་བཟང་བོ་བྱེད་པར་རྐང་བཙུགས་ཏེ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་ཐུབ་པར་བྱེད་དགོས། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། ཆེ་ཕྱོགས་ནས་འཐབ་ཇུས་ཀྱི་ངོས་ཕྱོགས་དང་ཆུང་ཕྱོགས་ནས་ལག་རྩལ་གྱི་ངོས་ཕྱོགས་ཚང་མ་ནས་གྲོས་གཞི་བཟང་བོ་བཏོན་ཡོད། ཞིབ་འཇུག་གཏིང་ཟབ་པ་བྱེད་པ་དང་། གཙོ་གནད་ལ་དམིགས་ནས། ཉིན་རྒྱུན་གྱི་བརྟག་བཤེར་ཞིབ་འཇུག་ཐད་ཀྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལེགས་སྒྲིག་བྱས། སྲིད་གཞུང་གི་བྱ་བ་དེ་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་རྒྱབ་སྐྱོར་དང་འབྲལ་ཐབས་མེད་ལ། བླངས་པའི་གྲུབ་འབྲས་ཁྲོད་ཚང་མའི་བྱས་རྗེས་དང་རིག་སྟོབས་འདུ་བས། འབྲེལ་ཡོད་སྡེ་ཁག་སོ་སོས་གཏམ་བཤད་གྲུབ་འབྲས་ཀྱི་དབྱེ་ཞིབ་བཀོལ་སྤྱོད་དང་མཐུད་བསྒྱུར་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། ཚང་མས་ལོ་གསར་བའི་ནང་སྲིད་གཞུང་བྱ་བའི་ཐད་སྔར་ལས་རྒྱབ་སྐྱོར་དང་ལྟ་སྐུལ་བཟང་བོ་བྱས་ནས། མཉམ་དུ་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་རྒྱུའི་རེ་བ་བཅངས་ཡོད།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཚུན་དང་ལིའུ་ཁྲའོ་བཅས་ཚོགས་འདུར་ཞུགས།
རིན་ཆེན་མཚོས་བསྒྱུར།