ཞིན་ཁྲང་ཞིང་གིས་སྲིད་གཞུང་བྱ་བ་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་ཐད་ནས་བསམ་འཆར་བསྡུ་ལེན་བྱས།
2021.12.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་དགུ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས། དམངས་གཙོ་ཏང་ཁག བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་ཀྱི་སྲིད་གཞུང་བྱ་བ་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས།

ཞིན་ཁྲང་ཞིང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་བཅས་ཀྱིས་སོ་སོར་འབྲེལ་ཡོད་བཞུགས་མོལ་ཚོགས་འདུ་ལ་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་དང་། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲི་ཝུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། ཏུའུ་ཅེ། མཱ་ཧེ་དབྱིན། ཏུའུ་ཏི་ཀྲི། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་བཅས་སོ་སོར་ཚོགས་འདུར་ཞུགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པ། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་འབྲེལ་ཡོད་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་བཞུགས་མོལ་ལ་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། ཚང་མས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས། ཚང་མས་མཐའ་གཅིག་ཏུ། ད་ལོར། ཛ་དྲག་རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་དང་དཔལ་འབྱོར་སླར་གསོ་འཕེལ་རྒྱས་ཁྲོད་ཀྱི་དཀའ་ཁག་འགལ་རྩོད་མང་པོར་ཁ་ཕྱོགས་ནས། ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱས་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཤུགས་ཡོད་ལྟ་སྐུལ་དང་རྒྱབ་སྐྱོར་ཆེན་པོའི་འོག བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པའི་ཁྲོད་འདྲེས་པར་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། དཔལ་འབྱོར་བརྟན་བརླིང་ངང་སླར་གསོ་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་སྤུས་ཚད་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ་བཅས་བྱས་པས། ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་ཅུང་བཟང་བོའི་ངང་ཡོངས་འགྲུབ་བྱས་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་བོ་བརྩམས་ཟེར།

ཞིན་ཁྲང་ཞིང་གིས་ཚང་མས་བཏོན་པའི་འབྲེལ་ཡོད་གནད་དོན་དང་བསམ་ཚུལ་ཐད་ནས་བརྗེ་རེས་གཏིང་ཟབ་བྱས་པར་མ་ཟད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས། དམངས་གཙོ་ཏང་ཁག བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་ཀྱིས་རང་ཉིད་ཀྱི་འགན་ནུས་འདོན་སྤེལ་བྱས་ནས། སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་དང་ཡིད་ཆེས། ལྟ་སྐུལ་བྱས་པར་བཀའ་དྲིན་ཞུས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། སང་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡིན་ལ། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལོ་གལ་ཆེན་ཡིན་པས། བྱ་བ་སྣ་ཚོགས་བཟང་པོར་བསྒྲུབ་པའི་དོན་སྙིང་ཆེན་པོ་ལྡན། ཚང་མས་རང་ཉིད་ཀྱི་ཁྱབ་ཁོངས་ལ་རྐང་བཙུགས་ཏེ། བསམ་ཚུལ་བཟང་པོ་མང་པོ་བཏོན་པའི་ནང་དུ། སྲིད་གཞུང་བྱ་བའི་ཐད་ཀྱི་གྲོས་གཞི་ཡོད་ལ། སྙན་ཞུ་བཟོ་བཅོས་བྱེད་པའི་གྲོས་གཞི་ཡང་ཡོད། བསམ་ཚུལ་དེ་དག་གི་གནད་འགག་གཙོ་གནད་དམ་འཛིན་བྱས་པ་དང་མི་འདང་ས་བསྟན་ལ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པར་བྱས་པ་དང་། མཛུབ་ཁྲིད་རང་བཞིན་དང་ཁ་གཏད་རང་བཞིན་ཆེན་པོ་ལྡན་ལ། སྲིད་གཞུང་གི་བྱ་བ་སྔར་ལས་བཟང་པོར་བསྒྲུབ་པ་དང་སྙན་ཞུའི་མ་ཟིན་འགོད་པའི་ཐད་ཕན་ཡོད་དཔེ་ལྟ་འདོན་སྤྲོད་བྱས་པ་དང་། མི་ཡོངས་ལ་དྲོད་ཁོལ་དང་སྟོབས་ཤུགས་བསྩལ། ཞིང་ཆེན་སྲིད་གཞུང་གིས་བསམ་ཚུལ་དེ་དག་ལ་དབྱེ་ཞིབ་ནན་མོ་དང་ཞིབ་འཇུག་ཟབ་མོ་བྱེད་པ་དང་། སྙན་ཞུའི་ཁྲོད་བསྡུ་ལེན་བྱེད་པ་མ་ཟད། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་མངོན་པར་བྱེད་རྒྱུ་རེད། ཚང་མས་མུ་མཐུད་དུ་སྤྱི་ཡོངས་ཀྱི་བྱ་བར་གྲོས་སྡུར་མང་པོ་བྱེད་པ་དང་འཕེལ་རྒྱས་ལ་གྲོས་སྡུར་ཐེངས་མང་བྱེད་པ། བསམ་ཚུལ་བཟང་པོ་འདོན་པ། མཉམ་དུ་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། ཁག་ཁུར་ཆེན་པོས་རྨང་གཞི་འདིང་བ་དང་ཡུན་རིང་ལ་ཕན་པ། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་དོན་བཟང་དོན་དངོས་མང་པོ་བསྒྲུབ་པ་དང་། གྲུབ་འབྲས་བཟང་པོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཉེ་ལམ། ཝང་ལིས་མེན་དང་དབྱང་ཀྲི་ཝུན། ཚེ་རིང་ཐར་བཅས་ཀྱིས་སོ་སོར་འགོ་འཛིན་བྱས་ནས་བཟོ་ཚོང་ཁེ་ལས་ལས་རིགས་ཀྱི་མི་སྣ་དང་ཚན་རིག་སློབ་གསོ་དང་རིག་གནས། འཕྲོད་བསྟེན་ལས་རིགས་ཀྱི་མི་སྣ། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། སྲིད་གཞུང་གི་བྱ་བ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་ཐད་ཀྱི་བསམ་ཚུལ་བསྡུ་ལེན་བྱས། ཚོགས་ཐོག་ཏུ། ཚང་མས་ལོ་ཧྲིལ་བོའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། སང་ལོའི་བྱ་བ་སྣ་ཚོགས་ཀྱི་བཀོད་སྒྲིག་ཐད་ཀྱི་བསམ་གཞིགས་ལ་འཐད་པ་བྱུང་བ་མ་ཟད། བྱེ་བྲག་གི་བསམ་ཚུལ་བཏོན།

རིན་ཆེན་མཚོས་བསྒྱུར།