ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་གཅིག་དང་སྐར་མ་ཞེ་ལྔའི་སྟེང་དུ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་ས་ཡོམ་རིམ་པ་དྲུག་དང་གྲངས་ཆུང་དགུ་བྱུང་། ས་ཡོམ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་དེ་འཕྲལ་བྱ་བའི་ཐད་བླང་བྱ་བཏོན་ནས་ནན་གྱིས་བསྟན་དོན། མི་སྣ་སྐྱོབ་རྒྱུ་གལ་ཆེན་དུ་འཛིན་རྒྱུ་དང་། གང་མགྱོགས་ངང་གནོད་ཐེབས་གནས་ཚུལ་རྩད་གཅོད་བྱས་ནས། འཕྲལ་བསྟུན་སྔོན་ཇུས་ལག་བསྟར་དང་བཀོད་འདོམས་གཅིག་གྱུར། ཆེད་ལས་རོགས་སྐྱོབ་བཅས་བྱས་ཏེ། རྨས་མ་སྐྱོབ་བཅོས་དང་མང་ཚོགས་བཀོད་སྒྲིག འཕྲལ་སྡོམ་ཤར་གཏོང་། རིམས་ནད་སྔོན་འགོག་ཚོད་འཛིན། ཞོར་ཐོན་གནོད་འཚེ་སྔོན་འགོག་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབས་ནས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས། དུས་ཐོག་ཏུ་གནོད་ཐེབས་གནས་ཚུལ་གནད་ལ་འཁེལ་པའི་ངང་ནས་ཡོངས་བསྒྲགས་བྱས་ནས། སྤྱི་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་གསལ་བོ་བཏབ་སྟེ། སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་ཡོང་བར་འགན་ལེན་བྱེད་དགོས།
ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གི་མངགས་བཅོལ་ལྟར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་ཡུལ་དངོས་ནས་ཡོམ་འགོག་རྒུད་སྐྱོབ་ལ་བཀོད་འདོམས་བྱེད་པར་ཆས། ཞིང་ཆེན་འཕྲལ་བསྟུན་བྱ་བའི་ཨུ་ཡོན་ཡོན་ལྷན་ཁང་གིས་ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་གཅིག་དང་སྐར་མ་ལྔ་བཅུའི་སྟེང་ནས་ས་ཡོམ་གྱི་གནོད་འཚེ་ཚབས་ཆེནIIརིམ་པའི་འཕྲལ་བསྟུན་དང་ལེན་བྱེད་འགོ་བརྩམས། ཞིང་ཆེན་ས་ཡོམ་ཅུའུ་དང་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་ཟི་སོགས་སྡེ་ཁག་དང་ལས་ཁུངས་ཀྱིས་འཕྲལ་བསྟུན་སྔོན་ཇུས་གང་མགྱོགས་ལག་བསྟར་བྱས་པ་དང་། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་འཕྲལ་བསྟུན་རོགས་སྐྱོབ་ཆེད་ལས་སྟོབས་ཤུགས་མགྱོགས་མྱུར་ངང་བསྡུ་རུབ་བྱས་ཏེ། ཡོམ་འགོག་རྒུད་སྐྱོབ་ཀྱི་ལས་དོན་ཁག་སྒོ་ཀུན་ནས་སྤེལ།
བན་དེ་སྐྱབས་ཀྱིས་བསྒྱུར།