ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།
2022.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་དང་པོའི་ཚེས་བཅུ་ཉིན།   ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་ལ་སྔར་ལས་ཤུགས་སྣོན་པའི་འགུལ་སྐྱོད་ཇུས་གཞི་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པའི་འབྲེལ་ཡོད་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།    ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་།  ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།    ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་ལ་ཞུགས།    གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་སྲིད་གཞུང་གི་ལས་བགོས་འགན་ཁུར་བློ་མཐུན་དང་དེ་མིན་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཡན་ལག་ཚོགས་ར་ནས་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་བསྟན་དོན།   གད་སྙིགས་བཅོས་སྐྱོང་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཡིན་པ་དང་།   རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་བསྐྲུན་པའི་འགན་སྲུང་གལ་ཆེན་ཞིག་ཡིན།    ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་།  རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་བཟུང་ནས་གད་སྙིགས་བཅོས་སྐྱོང་བྱ་བ་དམ་འཛིན་ནན་མོ་བྱས་ཏེ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།  ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བྱ་བའི་གཙོ་གནད་ལ་རྒྱུས་ལོན་བཟང་བོ་བྱེད་པ་དང་།  ཁྱོན་ཡོངས་ལ་ཁེབས་པ་དང་གཅིག་ཀྱང་མི་ལུས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཞིབ་བཤེར་དག་ཐེར་བཅོས་སྐྱོང་བྱ་བ་གཅིག་བསྡུས་ཀྱིས་སྤེལ་ཏེ་རིགས་སོ་སོའི་གནད་དོན་དང་མངོན་མེད་རྐྱེན་ངན་མེད་པར་བཟོ་དགོས།     བྱ་བའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ་དང་འགོ་ཁྲིད་གཙོ་བོས་དངོས་སུ་དམ་འཛིན་བྱེད་པ།   གནད་དོན་མྱུར་དུ་བཤད་པ་དང་མྱུར་དུ་འགུལ་སྐྱོད་སྤེལ་བ།  མྱུར་དུ་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།   རིམ་པ་རེ་རེ་བཞིན་བྱ་བའི་འགན་འཁྲི་དམ་འཛིན་ནན་མོ་བྱེད་པ།    ཐག་གཅོད་སྒྲིག་ཆས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ཡུན་ཕན་དོ་དམ་སྒྲིག་གཞི་འཛུགས་སྐྲུན་བྱེད་དགོས།   ཞིབ་བཤེར་དང་ལྟ་སྐུལ་དོ་དམ།  དཔྱད་ཞིབ་བཅས་ལ་ཤུགས་སྣོན་པ་དང་།   ཁོར་ཡུག་ལྟ་ཞིབ་ཇེ་དྲག་ཏུ་གཏོང་བ།   གོ་རིམ་ཧྲིལ་བོའི་རྗེས་འདེད་ནུས་འདྲི་དམ་འཛིན་བྱས་ཏེ་བྱ་བ་དོན་འཁྱོལ་ནན་མོ་བྱེད་པར་འགན་སྲུང་བྱེད་དགོས།    དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་བྱེད་ཐབས་གསར་སྐྲུན་བྱེད་པ།    དྲིལ་སྒྲོག་ཁེབས་ཚད་རྒྱ་བསྐྱེད་པ།    མང་ཚོགས་ཚོགས་པ་རྩ་འཛུགས་དང་གཞི་རིམ་རྩ་འཛུགས་ཀྱི་བྱེད་ནུས་འདོན་སྤེལ་བྱེད་པ་བཅས་བྱས་ཏེ་སྲིད་གཞུང་དང་སྤྱི་ཚོགས།    སྤྱི་དམངས་བཅས་ཀྱིས་མཉམ་འཛིན་སྤྱི་སྒྲུབ་དང་མཉམ་བཅོས་མཉམ་སྤྱོད་བྱེད་པའི་སྣང་ཚུལ་་བཟང་བོ་གྲུབ་པར་བྱེད་དགོས།

                                                                                                           ལྷ་མོ་ཚེ་རིང་གིས་བསྒྱུར།