ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས།
2022.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བགྲོ་གླེང་འཛིན་གྲྭའི་འགོ་རྩོམ་མཛད་སྒོའི་སྟེང་ནས་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་ཐེངས་འདིའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུ་བའི་དམིགས་ཡུལ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ཞིབ་ཀློག་དང་དེར་གོ་བ་གཏིང་ཟབ་ལེན་པ། ཏང་གི་ལོ་རྒྱུས་ལ་སྤྱི་སྡོམ་བྱེད་པ་དང་སློབ་སྦྱོང་བྱེད་པ། སློབ་གསོ་སྤེལ་བ། དྲིལ་སྒྲོག་བཅས་མུ་མཐུད་དུ་གཏིང་ཟབ་མོ་བྱེད་རྒྱུ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ཁོང་དུ་ཆུད་པར་བྱེད་པ་དང་སྔར་ལས་བེད་སྤྱོད་གང་ལེགས་བྱེད་པ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། ལོ་རྒྱུས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། མཐུན་སྒྲིལ་གཅིག་གྱུར་བྱེད་ཤུགས་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་བརྟན་པོ་དང་ཞུམ་མེད་མདུན་སྐྱོད་བྱ་རྒྱུར་སྐུལ་སློང་བྱས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་གིས་འགོ་རྩོམ་མཛད་སྒོར་འགོ་འཛིན་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་འགོ་རྩོམ་མཛད་སྒོར་ཞུགས།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། མི་རིགས་ཤིག་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་དགོས་ན། རིགས་པའི་གཞུང་ལུགས་ཀྱི་བསམ་གཞིགས་ནུས་པ་གཏན་ནས་མེད་མི་རུང་ལ། ཡང་དག་པའི་བསམ་བློའི་ཁྲིད་སྟོན་ཡང་གཏན་ནས་མེད་མི་རུང་། ཀྲུང་གོའི་གུང་ཁྲན་ཏང་ལེགས་འགྲུབ་བྱུང་དོན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཟང་དོན་ཅི་ཡིན་པ་དེ་མཐར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་ལག་ལེན་དུ་བསྟར་བའི་རྐྱེན་གྱིས་རེད། མར་ཁེ་སི་རིང་ལུགས་ལག་ལེན་དུ་བསྟར་དོན་ནི་ཏང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་ཟམ་མི་ཆད་པར་བཏང་བར་མ་ཟད། ལག་ལེན་ལ་སློབ་སྟོན་བྱས་པ་ལས་བྱུང་བ་རེད། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ཏང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་དུས་རབས་ལ་ཁྱོན་ཡོངས་ནས་སྤྱི་སྡོམ་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། དབྱེ་ཞིབ་ཞིབ་འཇུག་དང་སྤྱི་སྡོམ་བྱེད་པར་དོ་སྣང་ཆེན་པོ་བྱས་ནས། ལོ་ངོ་བརྒྱ་ལྷག་རིང་གི་ཏང་གི་འབད་འཐབ་ལོ་རྒྱུས་ཁྲོད་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་བྱ་རྒྱུ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཡོངས་ལ་ཁྱབ་པའི་ནང་དོན་གལ་ཆེན་ཞིག་ཡིན་པས །ང་ཚོས་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་གོ་བ་ལེན་ཐུབ་དགོས། མར་ཁེ་སི་རིང་ལུགས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས། དེ་ནི་ང་ཚོས་འཇིག་རྟེན་ཤེས་རྟོགས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། བདེན་དོན་གཉེར་བ། འཇིག་རྟེན་བསྒྱུར་བཀོད་བཅས་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཞིག་ཡིན། དུས་མཚུངས་སུ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ནི་ལུང་འཛིན་རྐྱང་བ་མ་ཡིན་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པས། ངེས་པར་དུ་ལག་ལེན་གྱི་འགྱུར་ལྡོག་དང་བསྟུན་ནས་འཕེལ་རྒྱས་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱིས་ལག་ལེན་དངོས་ཀྱི་ཁྲོད་དུ་ནུས་པ་འདོན་སྤེལ་བྱེད་ཐུབ་མིན་གྱི་འགག་རྩ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱེད་ཐུབ་མིན་ལ་ཐུག་ཡོད། འགྱུར་ལྡོག་མགྱོགས་མྱུར་བྱུང་བའི་འཛམ་གླིང་དང་ཀྲུང་གོའི་མདུན་དུ་གལ་ཏེ་སྲོལ་ངན་མཁྲེགས་འཛིན་དང་བསམ་བློ་མཁྲེགས་པོར་གྱུར་པ་དང་། རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་བློ་སྟོབས་མེད་པ། ཀྲུང་གོའི་དྲི་བ་དང་འཛམ་གླིང་གི་འདྲི་གཅོད། མི་དམངས་ཀྱི་འདྲི་གཅོད། དུས་རབས་ཀྱི་དྲི་བ་བཅས་ལ་ཚན་རིག་དང་མཐུན་པར་ལན་འདེབས་མ་ཐུབ་ན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མུ་མཐུད་མདུན་དུ་བསྐྱོད་ཐབས་མེད་པར་མ་ཟད། མར་ཁེ་སི་རིང་ལུགས་ལའང་སྐྱེ་སྟོབས་དང་གོ་སྐོན་བློ་འགུག་གི་ནུས་པ་ཤོར་ངེས་རེད། དེང་རབས་ཀྱི་ཀྲུང་གོ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཆེ་ཞིང་དམིགས་བསལ་གྱི་ལག་ལེན་གསར་གཏོད་དངོས་སུ་བརྒྱུད་བཞིན་ཡོད་ཅིང་། བཅོས་སྒྱུར་དང་གོང་འཕེལ། བརྟན་འཇགས་གསུམ་གྱི་ལས་འགན་ཧ་ཅང་ལྕི་བ་དང་། འགལ་བ་དང་ཉེན་ཁ། འགྲན་སློང་བཅས་ཧ་ཅང་ཆེ་བ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་སད་མང་ཆེ་བ་སྔར་བྱུང་མྱོང་མེད་པ། འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་གི་འཕོ་འགྱུར་ཆེན་པོའི་འགྱུར་ལྡོག་སྔར་ན་མེད་པ་བྱུང་ཡོད་པ་བཅས་ཀྱི་དབང་གིས། ལན་འདེབས་དགོས་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་དཔྱད་གཞི་གང་མང་བཏོན་ཡོད། ང་ཚོས་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། མིའི་རིགས་འཕེལ་རྒྱས་གཏོང་བའི་མདུན་གྲལ་དུ་ལངས་ཕོད་པར་བྱེད་པ་དང་མི་དམངས་ཀྱི་བསམ་ཚུལ་ལ་ཉན་པ། དངོས་ཡོད་ཀྱི་དགོས་མཁོར་ལན་འདེབས་ཐུབ་པ། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་དང་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་རྒྱུ་གཉིས་སྔར་ལས་གཅིག་གྱུར་གང་ལེགས་བྱེད་པ། མར་ཁེ་སི་རིང་ལུགས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་ཞིབ་ཕྲ་གཉིས་ཟུང་འབྲེལ་བྱེད་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གཉིས་ཟུང་འབྲེལ་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་བཅས་སུ་འགྱུར་བའི་ལེ་ཚན་གསར་པ་མུ་མཐུད་རྩོམ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་སྟེང་ནས་ར་སྤྲད་ཡོད་པ་ནི། ང་ཚོར་ཏང་དང་མི་དམངས་ཀྱི་བྱ་གཞག་དེ་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་ཐུབ་མིན་ནི་ང་ཚོས་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་ངོས་འཛིན་ཡང་དག་དང་སྟངས་འཛིན་ཡང་དག་བྱེད་ཐུབ་མིན་དང་ལྟེ་བའི་ལས་འགན་གཏན་འཁེལ་བྱེད་ཐུབ་མིན་ལ་རག་ལས་ཡོད་པ་གསལ་བཤད་བྱས་ཡོད། དུས་ནམ་ཞིག་ལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་ལྟེ་བའི་ལས་འགན་ལ་བརྡར་ཤ་གནད་ལ་འཁེལ་བ་ཞིག་གཅོད་ཐུབ་ན། ཏང་དང་མི་དམངས་ཀྱི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་འགྲོ་ཐུབ། དེ་ལྟར་མ་བྱས་ན་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་བར་ཆད་ཡོང་རྒྱུ་རེད།  ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱིས་ཏང་གིས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་ལྟེ་བའི་ལས་འགན་དམ་འཛིན་བྱེད་མཁས་བྱས་ཏེ། ཁྱོན་ཡོངས་ཀྱི་ལས་དོན་ལ་སྐུལ་སྟོན་བྱེད་པར་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་ཡོད། ཏང་གིས་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ནང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་ལྟེ་བའི་ལས་འགན་ལ་ཞིབ་འཇུག་དང་སྟངས་འཛིན་བྱ་རྒྱུར་དབྱེ་ཞིབ་དང་སྤྱི་སྡོམ་བྱ་རྒྱུར་མཐོང་ཆེན་བྱེད་པ་ནི། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་ཁྱབ་པའི་ནང་དོན་གལ་ཆེན་ཞིག་ཡིན་པར་བརྟེན། ང་ཚོས་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་དང་ཁྱོན་ཡོངས་ནས་གོ་བ་ལེན་དགོས། རྙོག་འཛིང་ཆེ་བའི་གནས་བབ་དང་རྙོག་འཛིང་ཆེ་བའི་འགལ་ཟླ། ལས་འགན་ལྕི་མོ་བཅས་ལ་དམིགས་ཏེ། གཙོ་ཕལ་གྱི་དབྱེ་བ་མེད་ཅིང་ཁྱད་པར་མ་དགར་བའི་ངོས་ནས་ལས་དོན་བསྒྲུབས་པ་ཡིན་ན་ལས་དོན་ལེགས་པོ་བསྒྲུབ་མི་ཐུབ། ང་ཚོར་ཁྱོན་ཡོངས་ཀྱི་ལྟ་བ་ཡོད་དགོས། འགལ་བ་སྣ་ཚོགས་ཁོང་དུ་ཆུད་པར་བྱེད་དགོས་པའི་དུས་མཚུངས་སུ། འགལ་བ་གཙོ་བོ་དང་ལས་འགན་གཙོ་བོར་རྩེ་གཅིག་ཏུ་དམིགས་ནས། འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་དམིགས་སུ་བཀར་ནས་སྔོན་ལ་ཐག་གཅོད་བྱེད་དགོས་ལ། དེར་བརྟེན་ནས་འགལ་བ་གཞན་དག་ཐག་གཅོད་བྱེད་པར་སྐུལ་ཁྲིད་བྱེད་དགོས་ཤིང་། ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པའི་ཁྲོད་དུ་མཁྲེགས་གཏོར་གཙོ་གནད་མངོན་འགྱུར་དང་། གཙོ་གནད་མཁྲེགས་གཏོར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཆུ་ཚད་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་ཟམ་མི་ཆད་པར་མདུན་སྐྱོད་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། འཐབ་ཇུས་ཀྱི་གནད་དོན་ནི་སྲིད་ཏང་ཞིག་དང་རྒྱལ་ཁབ་ཅིག་གི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད། འཐབ་ཇུས་ཐོག་ནས་བརྡར་ཤ་གཅོད་པ་གནད་དུ་འཁེལ་ཞིང་འཐབ་ཇུས་ཐོག་ནས་ཇུས་འགོད་ཚན་རིག་དང་མཐུན་པ། འཐབ་ཇུས་ཐོག་ནས་རང་འགུལ་ཐོབ་པ་བཅས་བྱུང་བ་ཡིན་ན། གཞི་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་རེ་བ་ཆེན་པོ་ཡོད། ལོ་ངོ་བརྒྱ་ཡི་རིང་ལ་ཏང་གིས་དུས་ཡིན་རུང་ལོ་རྒྱུས་ཀྱི་འགག་རྩར་ཐུག་པའི་སྐབས་སུ་འཐབ་ཇུས་ཀྱི་ཐོག་ནས་མདུན་དུ་གནས་པའི་ལོ་རྒྱུས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ངོས་འཛིན་དང་དེར་དབྱེ་ཞིབ། བརྡར་ཤ་གཅོད་པ་བཅས་བྱེད་ཐུབ་པ་དང་། ཆབ་སྲིད་ཀྱི་འཐབ་ཇུས་དང་ཐབས་ཇུས་ཡང་དག་པ་གཏན་འབེབས་བྱེད་ཐུབ་པ་དེ་ནི། ཏང་གིས་ཉམས་ཉེན་དང་འགྲན་སློང་གྲངས་མེད་ལས་རྣམ་པར་རྒྱལ་བ་དང་། རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་པའི་འགན་ལེན་ནུས་ལྡན་ཞིག་ཡིན། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་ལོ་ངོ་བརྒྱ་ལྷག་ཙམ་རིང་གི་འབད་འཐབ་ལོ་རྒྱུས་ཁྲོད་ཏང་གིས་འཐབ་ཇུས་དང་ཐབས་ཇུས་ཀྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཐབ་ཇུས་དང་ཐབས་ཇུས་རྒྱུན་ཆད་མེད་པར་བཏོན་པར་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་ཡོད། ལོ་ངོ་བརྒྱའི་རིང་གི་ཏང་གི་འབད་འཐབ་ལོ་རྒྱུས་ཁྲོད་ཀྱི་འཐབ་ཇུས་དང་ཐབས་ཇུས་ལ་ཞིབ་འཇུག་དང་ཤེས་རྟོགས་བྱེད་པར་དབྱེ་ཞིབ་དང་སྤྱི་སྡོམ་བྱེད་པར་དོ་སྣང་བྱེད་རྒྱུ་ནི། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཧྲིལ་བོར་ཁྱབ་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་གོ་བ་ལེན་དགོས། འཐབ་ཇུས་ནི་ཁྱོན་ཡོངས་དང་ཕུགས་ལ་ཕན་པ། འཕེལ་ཕྱོགས་ཆེན་པོ་བཅས་ཀྱི་ཐོག་ནས་བརྡར་ཤ་གཅོད་པ་དང་ཐབས་ཇུས་འགོད་དགོས་པ་དེ་ཡིན། ང་ཚོ་ནི་ཏང་ཆེན་པོ་ཞིག་ཡིན་ཞིང་འགོ་ཁྲིད་བྱེད་མཁན་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ། བྱ་གཞག་རླབས་པོ་ཆེ་ཞིག་ཀྱང་ཡིན་པས། འཐབ་ཇུས་ཀྱི་བསམ་གཞིགས་བྱེད་མཁས་པོ་དང་། འཐབ་ཇུས་ཀྱི་ཐོག་ནས་གནད་དོན་ལ་ལྟ་མཁས་པོ་བྱེད་པ། གནད་དོན་ལ་བསམ་གཞིགས་བྱེད་མཁས་པོ་བཅས་བྱེད་དགོས། ཡང་དག་པའི་འཐབ་ཇུས་ནི་ཡང་དག་པའི་ཇུས་གཞིར་བརྟེན་ནས་དོན་འཁྱོལ་བྱེད་དགོས། ཇུས་གཞི་ནི་འཐབ་ཇུས་ཀྱི་སློབ་སྟོན་འོག་འཐབ་ཇུས་ལ་ཞབས་འདེགས་ཞུ་བྱེད་ཅིག་རེད། འཐབ་ཇུས་དང་ཇུས་གཞི་ནི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཡིན་པས། འཐབ་ཇུས་ཀྱི་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་དང་ཇུས་གཞིའི་གང་ལ་དེ་འཚམ་གྱི་རང་བཞིན་ཟུང་འབྲེལ་བྱེད་དགོས། ས་གནས་དང་སྡེ་ཁག་སོ་སོས་ལས་ཀའི་བསམ་ཕྱོགས་དང་ལས་ཀ་བཀོད་སྒྲིག སྲིད་ཇུས་དང་བྱེད་ཐབས་བཅས་གཏན་འཁེལ་བྱེད་སྐབས། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དང་རང་འགུལ་ངང་ཚད་བསྡུར་ཚད་ཤིང་དུ་འཛིན་རྒྱུ་དང་། དུས་ཐོག་ཏུ་ཧེ་བག་བྱུང་བ་དག་བཅོས་བྱེད་པ། ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་ཇུས་གཞི་གཏན་འབེབས་བྱས་པ་བཅས་ངེས་པར་དུ་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ལག་བསྟར་བྱས་ཏེ། ཕྱོགས་སུ་མི་ལྷུང་བར་བྱེད་པ་དང་བབ་བསྟུན་མི་འགྱུར་བ། རྣམ་པ་མི་འགྱུར་བ་བཅས་འགན་ལེན་ནན་མོ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ལོ་ངོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཁྲོད། ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་གྲུབ་འབྲས་རླབས་ཆེན་ཡང་ནས་བསྐྱར་དུ་ཐོབ་པ་དང་། དཀའ་ངལ་དང་ཉེན་ཁ་ཡང་ནས་བསྐྱར་དུ་ཁྱད་བསད་བྱས། རྡོ་ལ་ཨི་ཁུང་བཏོད་དེ་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་ཡོད། དེའི་རྒྱུ་མཚན་ནི་ཏང་གིས་རང་ངོས་ལ་གནས་པའི་གནད་དོན་ལ་ཐད་ཀར་ཁ་གཏད་འཇལ་ཕོད་པ་དང་། རང་ངོས་གསར་བརྗེ་བྱེད་ཕོད་པ། སྔ་བར་ཕྱི་གསུམ་དུ་སྔོན་ཐོན་རང་བཞིན་དང་བབ་གཙང་རང་བཞིན་རྒྱུན་འཛིན་བྱེད་ནུས་པ། གསར་གཏོད་བྱེད་ནུས་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་རང་བཞིན་ནམ་ཡང་གནས་རྒྱུ་ཡིན་པའི་རྐྱེན་གྱིས་རེད། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རང་ངོས་གསར་བརྗེར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བར་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་ཡོད། ཏང་གིས་ལོ་ངོ་བརྒྱ་ཕྲག་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་རང་ཉིད་གསར་བརྗེར་ཞིབ་འཇུག་དང་ཁོང་དུ་ཆུད་པར་བྱ་རྒྱུ་ནི། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཧྲིལ་བོར་ཁྱབ་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་གོ་བ་ལེན་དགོས། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏུ། ཏང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་རང་བཞིན་དུས་ནམ་ཡང་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་ན།འགག་རྩ་ནི་ང་ཚོའི་ཏང་རང་ཉིད་ལ་བརྟེན་དགོས། སུའི་ཆེད་དུ་སྲིད་དོན་སྐྱོང་བ་དང་སུའི་ཆེད་དུ་དབང་ཆ་སྤྱོད་པ། སུའི་ཆེད་དུ་ཁེ་ཕན་གཉེར་བ་བཅས་ཀྱི་རྩ་བའི་གནད་དོན་འདིའི་ཐད་ང་ཚོའི་རིག་པ་ཧ་ཅང་གསལ་བོ་ཡིན་དགོས་པ་དང་། ལངས་ཕྱོགས་ཧ་ཅང་བརྟན་པོ་ཡིན་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚང་མས་ཀུན་སྤྱོད་སློབ་པ་དང་ཀུན་སྤྱོད་སྲུང་བ། སྒེར་གྱི་ཀུན་སྤྱོད་ནན་སྲུང་བཅས་བྱེད་རྒྱུ་དང་། མི་ཚུལ་ལྡན་ཞིག་བྱེད་པ་དང་གཙང་མ་གཙང་རྐྱང་གིས་ལས་དོན་སྒྲུབ་པ། རང་གཅུན་སྤྱི་གཅེས་དང་གྲོན་ཆུང་གིས་རང་གཅུན་རང་སྡོམ་བྱེད་པ། གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་ཀྱི་རང་བཞིན་ནམ་ཡང་རྒྱུན་འཁྱོངས་བཅས་བྱེད་དགོས། རང་ཉིད་གསར་བརྗེ་བྱེད་པའི་འགག་རྩ་ནི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་རང་རྟོགས་དང་སྐྱོན་ཆ་རང་སྟེང་ནས་འཚོལ་རྒྱུ་དང་འབྲེལ་བ་ཡོད། ད་ལྟ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ཡོད་པར་མ་ཟད། ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་བཞིན་ཡོད་མོད། འོན་ཀྱང་ཏང་ཡོངས་ཀྱི་བློ་མཐུན་གྱིས་རང་ཉིད་ཀྱི་གསར་བརྗེའི་སྙིང་སྟོབས་ནམ་ཡང་མི་ཉམས་པར་བྱས་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་དོན་དུས་ནམ་ཡང་ལམ་དུ་ཡོད་པའི་ཆབ་སྲིད་ཀྱི་རང་རྟོགས་ཇེ་ཆེར་གཏོང་དགོས་པ་ལས། ཙབ་ཙུབ་དང་སུན་སྣང་གི་བསམ་ཚུལ་གཏན་ནས་སྐྱེ་མི་རུང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་དུས་ནམ་ཡང་ལམ་བར་ན་ཡོད་པས། ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་བར་མ་ཟད། བློ་བརྟན་འགྱུར་མེད་དང་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་མུ་མཐུད་ཡག་པོ་རྒྱག་དགོས། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་ངོས་ནས་གནད་དོན་བྱུང་ནའང་འདྲ། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱིས་གུ་ཡངས་གཏན་ནས་མི་གཏོང་།

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་ལོ་ངོ་བརྒྱ་ལྷག་རིང་གི་འབད་འཐབ་ལོ་རྒྱུས་ཁྲོད་དུ། ཏང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་རྒྱག་རྒྱུར་དོ་སྣང་ཆེན་པོ་བྱེད་པར་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས། ཏང་ཡོངས་ཀྱིས་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་འདས་ཟིན་པའི་ང་ཚོས་གྲུབ་འབྲས་བླངས་པ་དང་འབྱུང་འགྱུར་ང་ཚོས་ཇི་ལྟར་བྱས་ན་གཞི་ནས་མུ་མཐུད་གྲུབ་འབྲས་ཐོབ་པ་གསལ་པོ་ཤེས་པར་བྱས་ནས། སྔར་ལས་བློ་བརྟན་འགྱུར་མེད་དང་སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་གྱི་ལས་འགན་ལག་ལེན་དུ་བསྟར་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྔར་ལས་ལེགས་པའི་སྒོ་ནས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པར་ནན་བཤད་བྱས་ཡོད་ལ། དེ་ནི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་བཏོན་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ང་ཚོས་མུ་མཐུད་དེ་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས། ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་ལས་ང་ཚོས་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལ་ངོས་འཛིན་གསར་པ་བྱུང་བ་མཚོན་ཡོད་པས། དེའི་ཐད་སྔར་ལས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྔར་ལས་ལེགས་པའི་སྒོ་ནས་ངོས་འཛིན་དང་སྟངས་འཛིན་བྱ་རྒྱུར་ཕན་པ་ཡོད། ཐེངས་འདིའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དང་ཉམས་མྱོང་ལ་སྤྱི་སྡོམ་ནན་མོ་བྱེད་རྒྱུ་དང་། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་འཛུགས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་བཅས་བྱེད་དགོས། ཏང་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་གཙོ་གནད་དུ་འཛིན་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་ནས་ལོ་རྒྱུས་སློབ་སྦྱོང་དང་། ལོ་རྒྱུས་སློབ་སྦྱོང་དང་ཡིད་ཆེས་ཆེ་རུ་གཏོང་བ། ལོ་རྒྱུས་སློབ་སྦྱོང་དང་སྤྱོད་བཟང་ལ་མཐོང་ཆེན་བྱེད་པ། ལོ་རྒྱུས་སློབ་སྦྱོང་དང་ལག་ལེན་འབད་སྒྲུབ་བཅས་བྱས་ནས། ཏང་ཡོངས་ཀྱི་བློ་མཐུན་ཚོར་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་རྒྱུ་དང་བསམ་བློའི་དགོངས་གཞི་རྟོགས་པར་བྱེད་པ། དོན་དངོས་སྒྲུབ་པ། བྱ་ཐབས་གསར་པ་གཏོད་པ་བཅས་ཀྱི་ཐད་ནས་སློབ་གསོ་དང་ཁྲིད་སྟོན་བྱས་ནས། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་ལས་འགན་ཁག་དོན་འཁྱོལ་སྔར་ལས་ཡག་པོ་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ལ་ཇི་མ་ཇི་བཞིན་སློབ་སྦྱོང་བྱས་ནས། ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱས་པའི་འོད་སྟོང་ལྡན་པའི་ལོ་རྒྱུས་ཀྱི་ལམ་བུ་ཤེས་པར་བྱེད་པ་དང་ཁོང་དུ་ཆུད་པར་བྱས་ཏེ། ཏང་གིས་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པའི་འགན་འཁྲི་ལག་ལེན་བསྟར་བའི་འབད་འཐབ་དང་། ཏང་གིས་ལོ་བརྒྱའི་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་ཉམས་མྱོང་སློབ་སྦྱོང་དང་ཤེས་རྟོགས། ཁོང་དུ་ཆུད་པ་བཅས་བྱས་ནས། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་གཏོད་པའི་བླང་བྱ་གལ་ཆེན་ཤེས་རྟོགས་ཐུབ་པ་བཅས་བྱེད་དགོས། ཏང་ཨུ་དང་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ལམ་ལུགས་བེད་སྤྱོད་ཡག་པོ་བྱས་ཏེ། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དུས་རྒྱུན་དུ་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ལས་བྱེད་པར་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་བྱེད་པའི་མཐུན་རྐྱེན་བེད་སྤྱོད་ལེགས་པོ་བྱས་ཏེ། ཏང་གི་ལོ་རྒྱུས་དེ་ཏང་གི་སློབ་གྲྭ་དང་ལས་བྱེད་པའི་སློབ་གླིང་དུ་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དང་རྒྱུན་དུ་སྦྱོང་དགོས་པའི་སློབ་ཚན་དུ་བརྩི་དགོས། སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ཐབས་ལམ་ཡག་པོ་སྤྱད་དེ། ཏང་གི་ལོ་རྒྱུས་དེ་བསླབ་གཞི་དང་སློབ་ཁང་། བསམ་བློ་བཅས་ཀྱི་ནང་འཇུག་རྒྱུར་སྐུལ་འདེད་བཏང་ནས། ཏང་གི་ལོ་རྒྱུས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་ཡག་པོ་བྱེད་དགོས། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་བཅས་ལ་ཤུགས་བསྣན་ནས། སྤྱི་ཚོགས་ཡོངས་ཀྱིས་ལོ་རྒྱུས་ཤེས་པའི་རྨང་གཞིའི་སྟེང་ནས་ཏང་ལ་དགའ་ཞེན་དང་ལོ་རྒྱུས་དང་རྒྱལ་ཁབ་ལ་དགའ་ཞེན་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས། “ངས་མང་ཚོགས་ཀྱི་དོན་དུ་དངོས་དོན་སྒྲུབ་པ”ཡི་ལག་ལེན་བྱེད་སྒོ་གྲུབ་པའི་ནང་རྐྱེན་བཟང་པོ་བེད་སྤྱོད་གང་ལེགས་བྱས་ཏེ། ཏང་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་མང་ཚོགས་ཀྱི་དོན་དུ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱེད་པར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་བསྐྱོད་དགོས།

ལིས་ཁི་ཆང་གིས་འགོ་རྩོམ་མཛད་སྒོར་འགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་ལས་འགན་གཙོ་བོ་ཁོང་དུ་ཡང་དག་ཆུད་པ། འཐབ་ཇུས་དང་ཇུས་གཞིའི་གནད་དོན་ལ་མཐོང་ཆེན། ཏང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་རང་གཤིས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་བཅས་གནད་དོན་ལྔ་རྒྱས་བཤད་གཏིང་ཟབ་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ཞིབ་ཀློག་དང་དེར་གོ་བ་གཏིང་ཟབ་ལེན་པ། ཏང་གིས་ལོ་ངོ་བརྒྱ་ཕྲག་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ཁོང་དུ་སྔར་ལས་ལེགས་པར་ཆུད་པ་དང་བེད་སྤྱོད་བྱས་ནས། ཏང་སྐྱོང་གི་སྙིང་སྟོབས་རླབས་ཆེན་དར་སྤེལ་བཏང་སྟེ། ཏང་གི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པ་བསྟན་ཡོད་པས། དེར་ཆབ་སྲིད་ཀྱི་རང་བཞིན་དང་རིགས་པའི་གཞུང་ལུགས་ཀྱི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཤུགས་ཆེན་ལྡན་ཡོད་པས། ཏང་ཡོངས་ཀྱིས་གཏན་འབེབས་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་རྒྱུ་དང་དང་། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་།ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ།སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་པ་བཅས་ཀྱི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན། བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་སྟེང་ནས་གཅིག་གྱུར་བྱེད་རྒྱུ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་ནས་གཅིག་གྱུར་བྱེད་པ། དངོས་འཛིན་དངོས་གཉེར་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཏང་ཡོན་གྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་འགོ་རྩོམ་མཛད་སྒོར་ཞུགས།

ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པའི་འགན་འཁུར་བློ་མཐུན་གཙོ་བོ། དམག་དཔུང་གི་ལས་ཁུངས་ཆེ་གྲས་ཁག་དང་ཀྲུང་དབྱང་དམག་ཨུའི་སྒྲིག་འཛུགས་ཀྱི་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བགྲོ་གླེང་འཛིན་གྲྭར་ཞུགས། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་འགོ་རྩོམ་མཛད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།