ཟླ་དང་པོའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོའིི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་དང་དངོས་འབེབས་རེ་བ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་འགོ་འཛིན་བྱས།
ཚོགས་ཐོག་ནས་བསྟན་དོན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་ངོས་འཛིན་ཟབ་མོ་བྱེད་སྐབས་གསལ་སྟོན་བྱེད་པ་ནི་ཏང་གི་རིགས་གཞུང་ཡོངས་དང་ལག་ལེན་གྱི་རྐང་འཛུགས་ས་ཡིན་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ལས་བྱུང་བའི་ལོ་རྒྱུས་བསྡོམས་ཚིག་ཡིན། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དཀྱིལ་སྙིང་ལས་འགན་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་ངོས་འཛིན་ཟབ་མོ་བྱེད་སྐབས་གསལ་སྟོན་བྱེད་པ་ནི་ཏང་དང་མི་དམངས་ལས་དོན་འཕེལ་རྒྱས་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་ཡིན་པ་དང་། ཏང་གི་ལོ་བརྒྱའི་ཉམས་མྱོང་ལ་སྤྱི་བསྡོམས་བྱས་པ་ཡིན། འཐབ་ཇུས་ཇུས་གཞིའི་གནད་དོན་ལ་མཐོང་ཆེན་བྱེད་པར་ངོས་འཛིན་ཟབ་མོ་བྱེད་སྐབས་གསལ་སྟོན་བྱེད་པ་ནི་སྲིད་ཏང་ཞིག་དང་རྒྱལ་ཁབ་ཅིག་གི་གཞི་རྩ་རང་བཞིན་གྱི་གནད་དོན་ཡིན་ལ། ཏང་ཆེན་པོ་ཞིག་གིས་རྒྱལ་ཁབ་ཆེན་པོ་ཞིག་འགོ་ཁྲིད་པའི་རླབས་ཆེན་ལས་དོན་རྒྱུན་འཁྱོངས་དང་ཡང་དག་པའི་འཐབ་ཇུས་ཡིན་པ་དང་། ཏང་གི་ལོ་བརྒྱའི་བསླབ་བྱ་དང་ལེན་བྱས་པ་ཡིན། མར་ཁེ་སི་རིང་ལུགས་ཏང་གི་རང་མདངས་སྲུང་སྐྱོབ་བྱེད་པར་ངོས་འཛིན་ཟབ་མོ་བྱེད་སྐབས་གསལ་སྟོན་བྱེད་པ་ནི་རྙོག་བཅོས་དར་རྒུད་ལོ་རྒྱུན་འཁོར་ཡུན་གྱི་དྲིས་ལན་ཡིན་པ་དང་། དུས་རབས་གསར་བའི་ཏང་གི་རང་ཉིད་གསར་བརྗེ་ལ་བཏོན་པའི་བརྗོད་གཞི་གསར་བ་ཡིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ཕན་འབྲས་ཅན་ལ་སྐུལ་འདེད་གཏོང་བར་ངོས་འཛིན་ཟབ་མོ་བྱེད་སྐབས་གསལ་སྟོན་བྱེད་པ་དང་ལོ་རྒྱུས་ལ་ངོས་ལེན་བྱེད་པ་ནི་ལོ་རྒྱུས་རང་རྟོན་གྱི་རྨང་གཞི་གལ་ཆེན་ཡིན་པ་དང་། ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དྲིལ་སྒྲོག་ལ་སྤྱི་བསྡོམས་བྱེད་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་བ་དེ་ཡིན།
ཚོགས་ཐོག་ནས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ལྟེ་གནས་ལ་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ་དང་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། བློ་སྤོབས་ཆེ་ཞིང་རྣམ་འགྱུར་ལེགས་པའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་སྡེ་སློབ་གསོའི་དག་ཐེར་ཁྲོད་ནས། བློ་དཀར་ཁག་ཁུར་གྱི་སྲིད་ཁྲིམས་དཔུང་སྡེ་གསར་བཟོ་བྱས་པ་དང་། ཉེན་ཁ་འགོག་སྲུང་དང་བདེ་འཇགས་འགན་སྲུང་། བརྟན་འཇགས་སྲུང་སྐྱོབ། འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པའི་གྲུབ་འབྲས་བཟང་བོ་བླངས། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེ་སློབ་གསོའི་དག་ཐེར་སྤྱི་བསྡོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། རྒྱུན་མཐུད་སྒོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་སྡེ་སློབ་གསོའི་དག་ཐེར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ལས་རིམ་གལ་ཆེན་གྱི་བདེ་འཇགས་འགན་སྲུང་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་པར་མ་ཟད་སྲིད་ཁྲིམས་བྱ་བའི་ཐད་ལ་རྣམ་པ་གསར་བ་མུ་མཐུད་དུ་གསར་སྐྲུན་བྱེད་དགོས།
ཚོགས་ཐོག་ནས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བྱ་བར་འབད་བརྩོན་ཆེན་པོ་བྱས་པ་དང་གཏན་ཤུགས་ཡོད་ལ། ཁྱད་ཆོས་ལྡན་པ་དང་གནད་ས་འབུར་ཐོན་བྱས་པར་མ་ཟད་ཕྱོགས་ཀུན་ཏུ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། དྲིལ་སྒྲོག་བྱ་བ་གཅིག་སྡུད་བྱེད་པ་ནི་ཏང་གི་ཆབ་སྲིད་བྱ་བ་དང་བསམ་བློའི་བྱ་བ། རིགས་གཞུང་བྱ་བ། མང་ཚོགས་བྱ་བའི་ངོ་བོ་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་རྗེས་འབྲངས་པ་དང་། དུས་རབས་གསར་བར་འབད་འཐབ་བྱེད་དགོས་ལ། དོན་ཆེན་དམ་འཛིན་དང་དོན་བཟང་ལེགས་པར་བསྒྲུབ་པ་དང་། དོན་དག་གསར་བ་ཇུས་འགོད། དོན་དངོས་གང་ལེགས་སྒོས་བསྒྲུབ་དགོས། ཏང་གི་གསར་སྐྲུན་རིགས་གཞུང་རྒྱས་བཤད་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དྲིལ་སྒྲོག་དང་ལག་བསྟར་བཟང་བོ་བྱེད་དགོས་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་ནས། རིགས་སོ་སོའི་མང་ཚོགས་ལ་འཚོ་བའི་ཆ་རྐྱེན་བཟང་བོ་འདོན་སྤྲོད་བྱེད་པ་དང་། ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་པ་དང་རྣམ་འགྱུར་ལེགས་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་ཚོགས་པར་བསུ་མ་བྱེད་དགོས།
ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པར་སྤྲད་དེ་གྲོས་ཞིབ་བྱེད་པའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་དེ་མིན་འཆར་འགོད་དང་སྔོན་རྩིས་སྙན་ཞུ། ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི་བཅས་ལ་གྲོས་ཞིབ་བྱས་པ་དང་། དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།