ཟླ་དང་པོའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན། དེ་མིན་རྒྱལ་ཡོངས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རང་ཞིང་གི་ལག་བསྟར་དངོས་འབེབས་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལས་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེ་ཡི་ཉམས་མྱོང་བཟང་པོ་སྤྱི་བསྡོམས་ཞིབ་མོ་བྱས་ཡོད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་དང་གསར་སྐྲུན་རང་བཞིན་གྱི་གྲུབ་འབྲས་དང་ཁྱོན་ཡོངས་དང་རིམ་པ་མང་པའི་ཤུགས་རྐྱེན་ཐེབས་པ་རྒྱས་བཤད་བྱས་པར་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མཛུབ་སྟོན་རང་བཞིན། དམིགས་ཡུལ་རང་བཞིན་དྲག་པོ་ལྡན་པ་དང་། དེ་ནི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་ཞིང་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་སྤེལ་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན། ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཕུལ་བའི་བྱ་བའི་སྙན་ཞུའི་ནང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏོང་བ་དང་ད་ལོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་བཟང་པོར་བསྒྲུབ་པའི་ཐད་ལ་བཀོད་སྒྲིག་བྱས་ཡོད། སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་ཇི་མ་ཇི་བཞིན་དུ་དངོས་འབེབས་བྱས་ནས། སྐབས་བཅུ་གསུམ་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་གང་ལེགས་སྒོས་བསྒྲུབ་པར་གྲ་སྒྲིག་བཟང་པོ་བྱེད་དགོས།
གྲོས་ཚོགས་ནས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་ནི་ཏང་ཀྲུང་དབྱང་གིས་ཏང་འཛུགས་ལོ་བརྒྱའི་སྐབས་སུ་གཏན་ཁེལ་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་བྱ་བ་ཁྱོན་ཡོངས་ནས་ཚད་ལྡན་དུ་བཏང་བའི་རྨང་གཞི་རང་བཞིན་གྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཐོག་མ་ཡིན་པ་དང་། དེ་ལས་ང་ཚོའི་ཏང་གིས་རང་ངོས་གསར་བརྗེ་ལ་སྐུལ་སྤེལ་བྱེད་པ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཤིང་། ང་ཚོའི་ཏང་གིས་ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་རྣམ་པར་བརྟེན་ནས་སྤྱོད་གཙང་སྒྲིག་དམ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྟོབས་ལྡན་འདོད་བློ་མཚོན་པར་བྱས་པ་དང་། དེ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དེ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་ཁྲོད་དུ་ལག་ལེན་བྱས་པ་ཡིན་པས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་ཞིང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱས།
གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གཉིས་ལོའི་བྱ་བ་གཙོ་བོ་དང་དེ་མིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་ཉེར་གཉིས་ལོའི་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པའི་བྱ་བ་གཙོ་བོ་བཟང་པོར་བསྒྲུབ་པའི་སྐོར་གྱི་བསམ་འཆར་ལག་བསྟར་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར། མཚོ་སྔོན་ཞིང་ཆེན་གྱི་དུས་རབས་གསར་པའི་ལོ་ཆུང་གདོན་ལེན་རུ་ཁག་གི་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་ཇུས་གཞི། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་འཆར་འགོད་སོགས་ལ་གྲོས་ཞིབ་བྱས་ཤིང་། ཉིས་སྟོང་ཉེར་གཅིག་ལོའི་དམངས་ཚིས་དོན་དངོས་བཟོ་སྐྲུན་ཡོངས་འགྲུབ་བྱས་པའི་གནས་ཚུལ་དང་དེ་མིན་ཉིས་སྟོང་ཉེར་གཉིས་ལོའི་བཀོད་སྒྲིག་གྲོས་གཞི་དང་ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་བྱ་བ་དང་དུག་འགོག་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།